བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་དཔལ་དབྱངས་ལ་སྒོ་གསུམ་གུས་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་དུས་གནས་སྐབས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ།
མཚན་དཔེེའི་དཔལ་འབར་འོད་ཀྱི་ཟེའུ་འབྲུས་འགྲོ་རྣམས་མུན་པའི་གཡུལ་ལས་ཁྲིད་དེ་བདེ་ལྡན་ཞི་བའི་ས་ལ་བཀོད། །
ཆོས་ཕུང་བརྒྱད་ཁྲིའི་བདུད་རྩིའི་སྙིང་པོས་སྐྱེ་འགྲོའི་ཡིད་ཀྱི་མུན་པ་བསལ་ཏེ་གང་འདུལ་ཆོས་ཀྱི་ཆར་བ་བསྙིལ། །
ཡང་དག་སྤྱོད་ཡུལ་ཆོས་ཀྱི་གནས་ལས་གཡོ་མེད་དམ་བཅའ་མཐའ་རུ་ཕྱིན་པས་དོན་གཉིས་རྫོགས་པའི་གཙོ་བོ་སྟེ། །
བགྲང་ཡས་བསྐལ་བའི་ཕྲེང་བ་ཀུན་ཏུ་ཚོགས་གཉིས་ཆུ་ཤེལ་ནོར་བུར་བརྟེན་མཁས་བདག་གི་སྟོན་རྣམ་འདྲེན་རྒྱལ། །
གཞུང་བཟང་པདྨོ་འབྱེད་པའི་བློ་གྲོས་དང་། །
རྣམ་དཔྱོད་རིག་པའི་རལ་གྲིའི་ངར་ཤུགས་ཀྱིས། །
ལོག་རྟོག་དུག་མཚོའི་མགོ་བོ་གཅོད་པ། །
རིག་པའི་སྲོལ་འབྱེད་ཕྱོགས་ཆོས་ཡབ་སྲས་རྒྱལ།།
འགྲོ་བ་ཡོངས་ལ་རྟག་ཏུ་སླུ་མེད་བརྩེ༵།།
ཤེས་བྱའི་དོན་ཀུན་མ་འདྲེས་གསལ་ལེ་སྟོན༵།།
བདེ༵་བར་གཤེ༵གས་པ་སྲིད་ཞི་ཀུན་གྱི་སྐྱོབ༵།།
ཚད་མ༵ར་གྱུར༵་པའི་དོན་འདིར་རྩོམ་པར་སྤྲོ།།
དེ་ཡང་ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་པ་ལྟར། སྐྱེ་འགྲོ་སེམས་ཅན་ཞིག་ཡིན་ཕྱིན་སྡུག་བསྔལ་གྱི་ཁུར་འཁུར་མི་འདོད་པ་དང་བདེ་བ་འདོད་པ་ནི་ཐམས་ཅད་གཅིག་གྲོས་སུ་གྱུར་ཡོད་པས། རང་རང་སོ་སོའི་ནུས་ཚད་དང་འཚམས་པའི་ལས་བཟང་ངན་སྣ་ཚོགས་བསགས་ཤིང་། དེ་ཡང་གནས་སྐབས་དང་མཐར་ཐུག་གང་ཡིན་རུང་བདེ་འབྲས་ཁོ་ནའི་ཆེད་དུ་འབད་མོད། འོན་ཀྱང་དེའི་རྒྱུ་མིན་ལ་ཡིན་པར་རློམ་ནས་སྲོག་གཅོད་པའི་ལས་སོགས་བསག་སྟེ། མི་འདོད་བཞིན་དུ་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་ཞིག་འཁུར་དགོས་བྱུང་ལ། དེ་དག་གི་རྨོངས་པ་ལྡོག་པའི་སླད་དུ་གནའ་བོའི་རྒྱ་གར་འཕགས་པའི་ཡུལ་དུ་ཚེ་ལ་སྔ་ཕྱི་ཡོད་མེད་དང་སྐྱིད་སྡུག་གི་རྒྱུ་ལས་དགེ་སྡིག་ཟེར་བ་ཞིག་ཡོད་མེད་སོགས་ཕྱི་ནང་གཉིས་ཀྱི་རྣམ་དཔྱོད་དང་ལྡན་པའིི་སྐྱེས་ཆེན་རྣམས་ཀྱིས་གང་ཅིས་ཐད་ནས་དངོས་པོའི་གནས་ཚུལ་ངོས་འཛིན་སྟངས་ཀྱི་ཐད་ལ་ལྟ་གྲུབ་མི་མཐུན་པ་དུ་མ་བྱུང་ཡོད། ནང་པ་རང་ལུགས་ལའང་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་རྒྱལ་བའི་བསྟན་པ་འཛིན་པ་ལ་འགྲན་ཟླ་དང་བྲལ་བའི་སློབ་དཔོན་དག་གིས། དངོས་བསྟན་ལ་གདུལ་བྱ་སོ་སོའི་ཁམས་དབང་མོས་པ་དང་བསྟུན་ནས་ནང་པའི་ལྟ་གྲུབ་སྤེལ་སྟངས་ཀྱི་ཐད་ནས་མི་འདྲ་བ་མང་དུ་བྱུང་། གང་ལྟར་ཚད་མ་སྨྲ་བའི་ཕྱོགས་ཆོས་ཡབ་སྲས་གཉིས་ཀྱི་ལུགས་ལ་ཚེ་འདིར་བདེ་བ་དང་ཕྱི་མའི་མངོན་མཐོ་དང་ངེས་ལེགས་གང་རྙེད་དགོས་རུང་ཐོག་མར་བླང་བྱ་ཕན་པ་ནུས་པའི་ཡུལ་སྨན་ལྟ་བུ་དང་དོར་བྱ་གནོད་པ་ནུས་པའི་ཡུལ་དུག་ལྟ་བུར་བླང་དོར་གྱི་གནད་མ་ནོར་བ་ཤེས་པ་གལ་ཆེ་བས། མི་སླུབ་བ་ཁྱེད་པར་གསུམ་ལྡན་གྱི་ཤེས་པ་ཚད་མའི་དོན་ལེགས་པར་གཏན་ལ་དབབས་ཤིང་། སྤྱིར་ལྐོག་ཏུ་གྱུར་པའི་ཤེས་བྱའི་དོན་ལ་འདི་ཡིན་དེ་མིན་གྱི་རྣམ་པ་ནི་གཏན་ཚིགས་རིག་ལམ་ཞིག་གིས་འབྱེད་དགོས་ཤིང་། དེར་ཡང་མི་མཐུན་པ་མང་དུ་མཆིས་པས་དཔལ་ཆོས་ཀྱི་གྲགས་པས་ལེའུ་དང་པོར་རང་འགྲེལ་མཛད། ཁྱད་པར་དུ་མདོའི་མཆོད་བརྗོད་ཀྱི་ཚིག་རྐང་དང་པོ་གཉིས་རྒྱས་པར་གཏན་ལ་ཕབ་པའི་ཚད་མ་རྣམ་འགྲེལ་གྱི་སྐབས་བསྟན་གྱི་གཞུང་གི་བསྒྲུབ་བྱ་མཐར་ཐུག་པ་ཚད་མའི་སྐྱེས་བུ་ཡིན་པ་དང་དགག་བྱ་མཐར་ཐུག་པ་དེ་མ་ཡིན་པ་ལ་ཡང་རྨོངས་པའི་ལོག་རྟོག་དུ་མ་ཡོད་པས། དེ་དག་ལྡོག་པའི་ཕྱིར་དུ་གཏན་ཚིགས་ཀྱི་རྣམ་གཞག་དང་དེ་ལ་བརྟེན་པའི་རང་དོན་རྗེས་དཔག་ཐོག་མར་གསུངས་པ་སྟེ། རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་ལས། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་ལ་བརྟེན་པ་ཡིན་པའི་ཕྱིར་ལ། དེ་ལ་ལོག་པར་རྟོགས་པས་དེ་རྣམ་པར་གཞག་པའི་ཕྱིར་བཤད་པ། ཞེས་གསུངས་སོ། །
དེའི་རྗེས་སུ་གང་གླིང་བར་བྱའི་ཆོས་སྟོན་པ་ཡང་དག་ཡིན་པ་བསྒྲུབ་པ་ལ་གཉིས་ཏེ། བསྒྲུབ་བྱ་སྐྱེས་བུ་ཚད་དོན་བཤད། དེའི་སྒྲུབ་བྱེད་རྒྱས་པར་བཤད་པའོ། །
དང་པོ་ནི། ཀུན་ཏུ་སྙད་པའི་ཚད་མས་ཐ་སྙད་དུ་བླང་དོར་ལ་མི་སླུ་བས་ཚད་མ་འཇོག་པ་ལྟར། སྐྱེ་དགུའི་འགྲོ་བ་ཡོངས་ལ་མངོན་ཐོག་དང་ངེས་ལེགས་ཀྱི་ཐར་བའི་ལམ་སྟོན་བྱེད་པ་ལ་ནོར་མེད་སླུ་མེད་ཀྱི་དེད་དཔོན་ཆེན་པོ་ཞིག་ལ་སྟོན་པ་ཚད་མ་ཡིན་པར་འདོད། དེ་ཡང་མུ་སྟེགས་དབང་ཕྱུག་པས། ཐོག་མ་ནས་དེ་ལྟར་ཡིན་པའི་ལྷ་དབང་ཕྱུག་སོགས་རྟག་པ་རང་བྱུང་གི་ཚད་མའི་སྐྱེས་བུ་འདོད་པར་ནི་ཚད་མ་རྟག་པ་ཉིད་ཡོད་མིན་ཞེས་སོགས་ཀྱི་རིག་པའི་རྣམ་གྲངས་དུ་མས་གནོད་པས་དེ་ལྟར་མ་ཡིན་པ། མཁས་མཆོག་དབྱིག་གཉེན་གྱི་ཞལ་ནས། ཚུལ་གནས་ཐོས་དང་བསམ་ལྡན་པའི། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར། ངེས་པར་དུ་ཐོག་མ་ཚུལ་ཁྲིམས་རྣམ་དག་གཞི་བྱེད་ཀྱི་སྟེང་དུ་རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་ཡུན་རིང་དུ་གོམས་པ་ལ་རྟེན་ནས་བྱུང་དགོས་པ་ཞིག་ཡིན་ནོ། །ཐུབ་པ་དགོངས་གསལ་ལས། གཞི་ཚུལ་ཁྲིམས་ལ་གནས་ཤིང་ཐོས་བྱུང་གི་ཤེས་རབ་རྒྱ་མཚོ་ལྟ་བུས་རྒྱུད་སྦྱངས། རིགས་པའི་སྒོ་ནས་བསམ་བྱུང་གི་ཤེས་རབ་ཀྱིས་ཐོས་པའི་དོན་འཁྲུལ་མ་འཁྲུལ་ལེགས་པར་བསམས་ནས་མ་འཁྲུལ་བའི་དོན་ཕ་རོལ་ཏུ་ཕྱིན་པའི་གཞུང་ནས་འབྱུང་བ་ལྟར་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པར་བྱ་བ་ལ་བསྒོམ་གྱི་ཞེས་གསུངས་པ་ལྟར་རོ། །རིག་པའི་རྒྱལ་པོ་སློབ་དཔོན་ཕྱོགས་གླང་གིས་ཚད་མ་གྱུར་པ་ཞེས་གསུངས་པའི་དགོས་པ་ཡང་ཡིན་ནོ། །
གཉིས་པ་ལ། ལོག་རྟོག་བརྗོད་པ་ནི། རྣམ་འགྲེལ་ལས། ཚད་མ་ལྐོག་གྱུར་དོན་ཤེས་ཡིན། །དེ་སྒྲུབ་བྱེད་པ་མེད་པའི་ཕྱིར། །ནན་ཏན་བྱེད་པ་ཡོད་མ་ཡིན། ཞེས་ནི་ཁ་ཅིག་རབ་ཏུ་བརྗོད། །ཅེས་ཚིག་རྐང་དང་པོས་བསྒྲུབ་བྱ་ཚད་མ་ལ་རྩོད་པ་དང་། གཉིས་པས་ཚད་མ་གྱུར་པ་ཞེས་པའི་སྐབས་ནས་བསྟན་པའི་གྱུར་པའི་དོན་ལ་རྩོད་པ་དང་། གསུམ་པས་དེ་ལྟ་བུ་ཚད་མ་ལ་སྒྲུབ་བྱེད་ཡོད་ཀྱང་དེ་ཉིད་སྐྱེ་བ་དུ་མར་གོམས་པ་ནན་ཏན་བྱེད་པ་མེད་ཅེས་པའི་རྩོད་པའི་རིགས་གསུམ་བྱུང་བ་སྟོན་ཞིང་། འདི་གསུམ་ནི་ལེའུ་གཉིས་པའི་རྩ་བའི་བརྗོད་བྱ་ཧྲིལ་པོ་ལ་ཁ་གཏད་དུ་གྱུར་པ་དང་སྤྱིར་ཕྱི་ནང་གཉིས་ཀྱི་རྩོད་པའི་གཞི་གཙོ་བོ་ཡང་ཡིན་པར་མངོན་ནོ། །དེ་དག་དགག་པ་ལ་ལན་གྱི་རིགས་ཀྱང་གསུམ་སྟེ། དང་པོ་ནི། ཀུན་མཁྱེན་ཆེན་པོས་རྣམ་བཤད་ལས་མདོའི་མཆོད་དུ་དང་པོའི་ལན་དངོས་སུ་མ་གསུངས་ཀྱང་རྣམ་འགྲེལ་ལས་ཁ་བསྐང་བ་ནི་མི་ཤེས་སྟོན་པར་བྱེད་ལ་ཞེས་སོགས་ཚིགས་བཅད་བཞི་སྟེ་འདིས་དགོས་པའི་དོན་ཀུན་མཁྱེན་པའི་ཚད་མ་རིགས་པས་བསྒྲུབས་ནས་དེ་གྲུབ་པའི་ཚེ་ཤེས་བྱའི་དོན་ཀུན་མཁྱེན་པའང་བསྒྲུབ་ནུས་པ་ནི་ལེའུ་དང་པོར། བླང་དང་དོར་བྱའི་དེ་ཉིད་ནི་ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ཞེས་གསུངས་པ་ལྟར་རོ། །
གཉིས་པའི་ལན་དུ་འགྲོ་ལ་ཕན་བཞེད་སོགས་རིམ་བཞིན་ལུགས་འབྱུང་དུ་བསྒྲུབ་པ་དང་། གསུམ་པའི་ལན་དུ་ཚིག་བཅད་དེའི་གོ་རིམ་ལྟར་ལུགས་ལྡོག་དུ་བསྒྲུབ་པའོ། དང་པོ་རིམ་བཞིན་བསྒྲུབ་པ་ནི། ལན་དང་རྣམ་སྨིན་ལ་མི་རེ་པར་སེམས་ཅན་ཐམས་ཅད་ལ་སྙོམས་པར་ཤིན་ཏུ་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་ཐུགས་རྗེ་སྐྱེས་བ་དུ་མ་ཡུན་རིང་དུས་སུ་གོམས་པ་འདི་ཉིད་དེའི་སྒྲུབ་བྱེད་ཡིན་པར་འདོད་ཅིང་། དེ་ཡང་། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་བཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་ན་མཆིས་པ་ལགས་སོ། །ཆོས་གཅིག་པུ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེས་ཆེན་པོའོ། །ཞེས་གསུངས། རྣམ་འགྲེལ་ལས། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ཞེས་པས་བརྩེ་བ་སྙིང་རྗེ་ཆེན་པོ་སེམས་ཀྱི་སྟེང་དུ་སྐྱེས་བ་དུ་མར་གོམས་པ་ལ་བསྟེན་ནས་སྐྱེས་བུ་ཚད་མ་འབྱུང་བ་གསུངས་ལ། འདིའི་ཐད་དུ། བློ་ནི་ལུས་ལ་བརྟེན་པའི་ཕྱིར། །གོམས་པས་གྲུབ་པ་མེད་ཅེ་ན།
ཞེས་པའི་ཚུལ་གྱིས་མུ་སྟེགས་རྒྱང་ཕན་པ་དག་གིས་བརྩེ་སོགས་སྐྱེས་བ་དུ་མར་གོམས་པ་ནི་ཁྱད་གཞི་སྐྱེས་བ་སྔ་ཕྱི་མེད་པས་དེ་གོམས་པ་མི་སྲིད་དེ། སྐྱེས་མ་ཐག་པའི་བྱས་པའི་རྒྱུད་ཀྱི་བློ་རིགས་དེ་རང་རྒྱུ་རིགས་མཐུན་ཤེས་པ་སྔར་མ་ལས་སྐྱེ་བ་ཁས་མི་ལེན་པར། ལུས་ཁོ་ན་ལ་བརྟེན་ནས་འབྱུང་བར་འདོད་པས་རྒྱུ་ལུས་ལྡོག་ན་འབྲས་བུ་ཤེས་པ་ཡང་ལྡོག་སྟེ། ཉི་མ་དང་ཉི་མའི་འོད་ཟེར་བཞིན་ཟེར་བ་དང་། ཡང་རྣམ་ཤེས་ལུས་ཀྱི་ཡོན་ཏན་ཏུ་འདོད་པས་ལུས་འཇིག་པ་ན་དེ་ཡང་འཇིག་སྟེ། བུ་རམ་དང་མངར་བ་བཞིན་ཞེས་དང་། ཡང་ད་ལྟའི་རང་རྒྱུད་ཀྱི་ཤེས་པ་དེ་ཉིད་ལུས་ཀྱི་བདག་ཉིད་ཡིན་པས་དེ་ལྡོག་ན་དེ་ཡང་ལྡོག་སྟེ། ཆང་དང་ཆང་གི་ནུས་པ་བཞིན་ཞེས་ཟེར་རོ། །རྒྱང་འཕེན་རང་གི་གཞུང་ལས་ཀྱང་། བློ་ནི་ལུས་ཀྱི་བདག་ཉིད་དང་། །ལུས་འབྲས་ལུས་ཀྱི་ཡོན་ཏན་དང་། །དེ་ལྟར་ལུགས་གསུམ་ལ་བརྟེན་ནས། །གོམས་པས་གྲུབ་པ་མེད་པར་འདོད། །ཅེས་པ་འདི་བྱུང་ཞེས་ཀླུ་སྒྲུབ་རྒྱ་མཚོས་གསུངས་སོ། །
ལོག་རྟོག་འདི་དག་འགོག་པ་ལ། སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པའི་རྣམ་གྲངས་དུ་མ་མཁས་པ་དག་གིས་གསུངས་མོད། རེ་ཙམ་བརྗོད་ན། རྣམ་འགྲེལ་ལས། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེས་མིན། །ཧ་ཅང་ཐལ་ཕྱིར། ཞེས་དངོས་སུ་སེམས་ཅན་གང་དག་སྐྱེ་བ་ཡོངས་སུ་ལེན་པ་ན་དེའི་རྒྱུད་ཀྱི་ཐོག་མའི་བུགས་འབྱུང་རྔུ་དང་། དབང་པོ་དྭངས་བ་དང་། བློ་རྣམས་རང་གི་རིགས་འདྲ་སྔོན་དུ་སོང་བ་ལ་མ་ལྟོས་པར་རིགས་མི་མཐུན་པའི་ལུས་ཁོ་ན་ལས་སྐྱེ་བ་མ་ཡིན་ཏེ། དེ་ལྟར་མ་ཡིན་ན་རྡོ་བ་ལ་སོགས་པའི་འབྱུང་བ་ཐམས་ཅད་ལ་སེམས་སོགས་སྐྱེ་བར་ཧ་ཅང་ཐལ་བ་འགྱུར་བའི་ཕྱིར་ཞེས་བརྗོད་ནས། དོན་གྱིས་ཐ་མ་པའི་སྐྱེ་མ་ཐག་པའི་རིག་པ་ཆོས་ཅན། རང་གི་རིགས་འདྲ་རིག་པ་སྔ་མ་སྔོན་སོང་ཡིན་ཏེ། རིག་པ་ཡིན་པའི་ཕྱིར། ད་ལྟའི་རིག་པ་བཞིན་ཞེས་སྟོན་ཏོ། །
ཁ་ཅིག རྩ་ཚིག་འདིས་ཧ་ཅང་ཐལ་བ་ཙམ་བསྟན་པར་བྱས་ནས། གལ་ཏེ་འབྱུང་བཞིས་ཉེར་ལེན་གྱི་རྒྱུ་བྱས་པའི་སྒོ་ནས་རྣམ་ཤེས་སོགས་སྐྱེ་ན་ཧ་ཅང་ཐལ་བའི་རྒྱུ་མཚན་གང་ཞེ་ན། དེ་ཡང་རྩ་བར། གང་དུ་དྲོད་གཤེར་ལ་སོགས་པ་ཞེས་སོགས་ཚིག་བཅད་གཉིས་ཀྱིས། གལ་ཏེ་དབུགས་དབྱུང་རྔུ་དང་། དབང་པོ། རྣམ་ཤེས་རྣམས་རིགས་མི་མཐུན་པ་རྒྱུད་བསྡུས་ཀྱི་འབྱུང་བཞི་ལས་ཀྱང་སྐྱེ་པ་ཡིན་ན། རྒྱུ་མཚན་མཚུངས་པའི་ཕྱིར་ན་རྒྱུད་ཀྱིས་མ་བསྡུས་པའི་འབྱུང་བཞི་ཀུན་ལ་དེ་དག་སྐྱེད་པའི་ནུས་པ་ཡོད་དགོས་པར་འགྱུར་ཞིང་། དེ་ལྟར་ན་འབྱུང་བ་ཀུན་ཀྱང་སྲོག་ལྡན་དུ་ཐལ་བ་འགྱུར་རོ་ཞེས་པའི་དོན་དེ། རིགས་པ་འདི་ཉིད་ཀྱིས་དབུགས་འབྱུང་རྔུ་དང་། དབང་པོ་དང་། རྣམ་ཤེས་གསུམ་པོ་གང་རུང་ཡིན་ན་རང་གིས་རིགས་འདྲ་སྔོན་དུ་སོང་དགོས་པར་གྲུབ་པས། སྐྱེ་སེམས་སྐད་ཅིག་དང་པོ་ལའང་རིགས་འདྲ་སྔོན་དུ་སོང་དགོས་པ་གྲུབ་ཅིང་། དེ་ནི་སྐྱེ་བ་སྔོན་མའི་འཆི་སེམས་སྐད་ཅིག་ཐ་མའི་རྣམ་ཤེས་དང་། དབང་པོ་སོགས་ལས་འགྲོ་ས་མེད་པ་དེས་གྲུབ་བོ་སྙམ་པ་རེད། དེ་ནི་ཤིན་ཏུ་ཡང་མ་ངེས་པར་དོགས་ཏེ། འབྱུང་བཞི་ལ་རང་འབྲས་རྣམ་ཤེས་སོགས་འབྱིན་ནུས་མིན་གྱི་ཁྱད་པར་གཉིས་སུ་འབྱེད་རུང་བའི་ཕྱིར་རོ། །དེ་བས་རྣམ་ཤེས་སོགས་སྐྱེད་ནུས་ལྡན་པའི་འབྱུང་བཞི་ལས་སྐྱེ་ཡི། འབྱུང་བཞི་ཡོད་ཚད་ལ་དེ་འདྲའི་ནུས་པ་མེད་པས་སྐྱེད་མི་ནུས་སོ་ཞེས་སྨྲ་ན་ཅི་ལྟར་འགོག རང་རྒྱུ་འབྱུང་བཞི་ལས་སྐྱེས་ཀྱང་འབྱུང་བཞི་ཡོད་ཚོད་ཀྱིས་དེ་སྐྱེད་དགོས་པའི་ངེས་པ་མེད་པ་ནི་འབྱུང་འགྱུར་གྱི་གཟུགས་ཕལ་ཆེར་གྱི་སྟེང་ནས་ཤེས་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་བུད་ཤིང་གི་མེ་ལས་དུ་བ་སྐྱེ་ན་ལྕགས་ཀྱི་མེ་ལས་ཀྱང་དུ་བ་ཅི་ཕྱིར་མི་འབྱུང་། ཞེས་སྨྲ་བ་དང་ཅི་ལ་མི་མཚུངས། མེ་ལས་གཞན་དང་མི་འདྲ་བར་རང་འབྲས་དུ་བ་སྐྱེད་ནུས་ཀྱི་ཐུན་མིན་གྱི་ཁྱད་ཆོས་ཡོད་དོ་ཞེ་ན། རྒྱུད་ཀྱི་བསྡུས་པའི་འབྱུང་བཞི་ལའང་དེ་ལྟར་ཁྱད་པར་བརྗོད་ནུས་པའི་ཕྱིར་ཏེ། དེང་དུས་སྲོག་ཡོད་མེད་གཉིས་ཀྱི་སྐྱེ་དངོས་ལ་ཕྲ་ཕུང་མི་འདྲ་བ་མང་དུ་ཡོད་པ་དང་། སྲོག་ལྡན་ནང་ནས་མི་དང་དུད་འགྲོ་ལའང་ཁྱད་ནུས་མི་མཚུངས་པའི་ཕྲ་ཕུང་མང་དུ་མཐོང་བཞིན་པ་འདི་དག་བཞིན་ནོ་ཞེས་ཟེར་རོ། །
འདི་ཤིན་ཏུ་མི་འཐད་དེ། སློབ་དཔོན་གྱིས། སྐྱེས་མ་ཐག་པའི་རྣམ་ཤེས་སོགས་རང་གི་རིགས་འདྲ་སྔོན་དུ་སོང་བ་ལ་མ་ལྟོས་པར་འབྱུང་ལུས་ཁོ་ནས་ཉེར་ལེན་བྱེད་པའི་སྒོ་ནས་སྐྱེ་ན་འབྱུང་བ་ཐམས་ཅད་སེམས་སོགས་ཀྱི་ས་བོན་དུ་ཐལ་བ་འཕངས་པ་ལ། ཕ་རོལ་པོས། འབྱུང་བ་འགའ་ཞིག་སེམས་སོགས་ཀྱི་ས་བོན་ཡིན་ཅིང་འགའ་ཞིག་མ་ཡིན་པའི་ཕྱིར་ཞེས་སྐྱོན་སྤངས་བ་ལ། གང་དུ་དྲོད་གཤེར་ལ་སོགས་པ་ཞེས་ནས་ཀུན་འགྱུར་ཁྱད་པར་མེད་ཕྱིར་རོ་ཞེས་པའི་བར་གྱིས། དེ་བཀག་སྟེ་ཧ་ཅང་ཐལ་ཚུལ་རྒྱས་པར་སྟོན་པ་ཡིན་གྱི་ཧ་ཅང་ཐལ་བའི་རྒྱུ་མཚན་དེ་ཙམ་འཕངས་པ་མ་ཡིན་པའི་ཕྱིར་ཏེ། གཞན་དུ་ན་སྐྱེ་བ་ཡོངས་སུ་ལེན་པ་ན་ཞེས་པ་ནས་ཧ་ཅང་ཐལ་ཕྱིར་ཞེས་པའི་བར་གྱིས་ཕྱི་རྒོལ་གྱི་འདོད་པ་རྒྱུ་མཚན་དུ་བྱས་ནས་ཧ་ཅང་ཐལ་བ་བསྟན་པས་ཟློས་སྐྱོན་དུ་ཐལ་ལོ། །མདོར་ན་ཁྱོད་ཀྱི་རྩ་བའི་དོན་དེ་རྩ་ཚིག་འདིའི་དོན་ཙམ་འགྲོ་བ་ལས། གང་དུ་དྲོད་གཤེར་སོགས་ཀྱི་རྩ་བའི་དོན་ཆ་ཚང་སྟོན་པའི་ནུས་པ་མེད། འབྱུང་བཞི་ལ་རང་འབྲས་རྣམ་ཤེས་སོགས་འབྱིན་ནུས་མིན་གྱི་ཁྱད་པར་གཉིས་སུ་འབྱེད་རུང་བའི་ཕྱིར་ཞེས་དོགས་པ་ནི་རྒྱང་འཕེན་པས་དེ་ལ་སྐྱོན་སྤངས་ཀྱི་ཚུལ་དུ་བཤད་ཡོད་པ་ནི་མཁས་པ་གོ་ཤཱག་རྣམ་གཉིས་ལ་སོགས་པའི་འགྲེལ་བྱེད་ཀྱི་གཞུང་ཕལ་མོ་ཆེར་གསལ་བ་དེ་རང་རྣམ་འགྲེལ་གྱི་དགོངས་པ་ཡིན་ཞིང་། དེ་ནས་གང་དུ་དྲོད་གཤེར་སོགས་ཀྱིས་དེ་འགོག་སྟེ་ཧ་ཅང་ཐལ་བའི་རིགས་པ་རྒྱས་པར་བསྟན་པ་ཡིན་ནོ། །འོ་ན་དེས་འགོག་ཚུལ་ཇི་ལྟར་ཞེ་ན། འབྱུང་བ་ཆོས་ཅན། ཁྱོད་ཐམས་ཅད་སེམས་ཀྱི་ས་བོན་ཡིན་པར་ཐལ། ཁྱོད་ཐམས་ཅད་ལ་རྐྱེན་གཞན་ཚོགས་ན་དྲོད་གཤེར་ལ་སོགས་སྲོག་ཆགས་ཆེ་ཆུང་སྣ་ཚོགས་པ་སྐྱེ་བ་དམིགས་པའི་ཕྱིར། ཞེས་པ་སྟེ། ཁྱབ་བ་ནི། བྱིས་པའི་རྒྱུད་ཀྱི་སྐྱེ་སེམས་སྐད་ཅིག་དང་པོ་རང་དང་རིགས་མི་མཐུན་པའི་འབྱུང་བའི་ལུས་ཁོ་ནའི་ས་བོན་ལས་སྐྱེ་བར་ཁས་བླངས་པས་འབྱུང་བ་ཐམས་ཅད་སེམས་ཀྱི་ས་བོན་དུ་འགྱུར་དགོས་པས་གྲུབ་བོ། །
དེ་ཡང་གང་རིག་པ་ཡིན་ན་འབྱུང་བཞི་ལས་སྐྱེ་པའི་ཁྱབ་ཅེས་པའི་སྤྱིར་ཁྱབ་ཅིག་མེད་ན་བྱིས་བློ་དེ་འབྱུང་བཞི་ལས་སྐྱེ་བར་ཁས་ལེན་པ་ཙམ་གྱིས་རྟགས་ལ་བསྒྲུབ་བྱ་སྒྲུབ་པའི་ནུས་པ་གང་ཡང་མེད། དཔེར་ན་བུམ་བརྗོད་ཀྱི་སྒྲས་རང་གི་བརྗོད་དོན་སྒྲུབ་པ་བཞིན་ནོ། །གལ་ཏེ་འབྱུང་བ་ཐམས་ཅད་སེམས་ཀྱི་ས་བོན་ཡིན་པར་འདོད་ན། དེ་ཐམས་ཅད་སྲོགས་ཆགས་ཐལ་བ་ལ་གཟུ་བོར་གནས་ཏེ་ཞིབ་མོའི་བློས་བརྟགས་ན་ལྡོག་མེད་ཀྱི་ཐལ་འགྱུར་ཞིག་ཡིན་པ་མངོན་འོང་། རྣམ་ཤེས་སྐྱེད་ནུས་ལྡན་པའི་འབྱུང་བཞི་ལས་སྐྱེ་བ་དང་འབྱུང་བཞི་ཡོད་ཚོད་ལ་དེ་འདྲའི་སྐྱེད་པའི་ནུས་པ་མེད་པས་སྐྱེད་མི་ནུས་སོ་ཞེས་སྨྲ་ན་ཅི་ལྟར་འགོག་ཞེས་པ་ནི། དོན་གྱི་གནད་ལ་ཁེལ་བའི་བསམ་བློ་ཞིག་གཏན་ནས་མིན་ཏེ། དཔལ་ཆོས་ཀྱི་གྲགས་པ་ལྟ་བུའི་ལུགས་ཡིན་ན་གང་མེ་ལྟ་བུ་ཞིག་ལ་ཆོས་གཞན་ལྷན་ཅིག་བྱེད་རྐྱེན་ཚོགས་ན་འབྲས་བུ་དུ་བ་ལྟ་བུ་དེ་སྐྱེད་པའི་ནུས་ཡོད་པ་དང་དེ་མ་ཚོགས་ན་ནུས་པ་མེད་ཅེས་འཆད་རུང་ལས། རྒྱང་འཕེན་པ་ལ་དེ་ལྟར་མི་རུང་སྟེ་རྒྱུ་གཉིས་སྨྲ་བ་ལ་བློ་ཁ་མ་ཕྱོགས་པའི་རྒོལ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་མ་ཡིན་ཏེ་འདི་ནི་ཆོས་ཉིད་ཀྱི་ལེན་ནོ་སྙམ་ན། མི་འཐད་དེ། ཆོས་ཉིད་ལ་མཐར་ཏུགས་ཤེས་པ་གལ་ཆེ་ཞིང་། དེ་ཡང་མངོན་སུམ་གྱི་ཡུལ་དུ་གྱུར་པའི་འབྱུང་འགྱུར་གྱི་སྐྱེ་དངོས་སོགས་ཀྱི་སྟེང་དུ་ལན་མཐར་ཐུགས་པའི་ཚེ་དེ་ལྟར་འདེབས་དགོས་ཏེ། དཔེ་ན་ཆུ་ཐུར་དུ་འབབ་པ་དང་། མེ་གྱེན་དུ་འབར་བ་ལ་དེ་ལྟར་དགོས་པ་བཞིན་ནོ། །འབྱུང་བ་ཐམས་ཅད་སེམས་ཀྱི་ས་བོན་དུ་ཐལ་བ་ལ་ཆོས་ཉིད་ཀྱི་ལེན་འདེབས་པ་ནི་ཐང་ཆད་པའི་ལེན་ཡིན་པར་ཤེས་དགོས། གཞན་དུ་ན་རྒོལ་བ་གཉིས་ཀས་དེ་ལྟར་ཁས་བླང་ཆོག་པས་སུ་ལའང་རྨོངས་མེད་པའི་བསྟན་བཅོམ་བརྩོམས་པ་དོན་མེད་དུ་ཐལ་བ་དང་། སྐྱེ་བ་སྔ་ཕྱི་ཡོད་པ་དང་མེད་པ་གཉིས་ཀ་ཡིན་པར་ཐལ་བ་དང་། རྒྱལ་ཕམ་གྱི་རྣམ་བཞག་ཀྱང་མེད་པས་དགག་སྒྲུབ་བྱ་ཐབས་བྲལ་བ་སོགས་ཐལ་བའི་གནད་བྱེད་དག་ལྡོག་མེད་དུ་གནས་སོ། །གལ་ཏེ་རྣམ་ཤེས་འབྱུང་ལུས་ལས་སྐྱེ་བ་མངོན་གསུམ་གྱིས་དམིགས་པ་རྒྱང་འཕེན་པས་ཁས་བླངས་པ་མ་ཡིན་ནམ་སྙམ་ན། དེ་ནི་རྒོལ་བ་རང་གི་ལོག་རྟོག་ཡིན་པ་ལས་དོན་གྱི་གནས་ཚུལ་མ་ཡིན་ཏེ། སྔོན་ཚེར་བཅོམ་ལྡན་འདས་ཀྱིས་སྔོན་གྱི་གནས་དངོས་སུ་མཁྱེན་པ་གསུངས། དེ་རྗེས་སྐྱེ་བ་སྔ་མ་དྲན་མཁན་མང་དུ་བྱུང་། ད་ལྟ་མཚན་རིག་པས་གཉིད་འབེབས་ཀྱི་ལམ་ནས་ཀྱང་གསལ་བཞིན་པ་ཡིན་ནོ། །དེས་ན་མཐོང་བཞིན་པའི་སྐྱེ་དངོས་ཕྲ་ཕུང་སོགས་དང་གཏན་ནས་མི་མཚུངས་པ་ཡིན་ནོ། །
ཡང་དེང་གི་དབང་རྩའི་ཚན་རིག་པ་དག་གིས་ཡུལ་ཤེས་པ་དང་འཚོ་བ་མྱོང་བ་དེ་དག་ཀླད་གནས་དང་རྩ་ཕྲན་སོགས་ཀྱི་ནུས་པ་འབའ་ཞིག་ཏུ་ལྟ་ཞིང་། སྔོན་གྱི་རྒྱང་འཕེན་པ་དག་གིས་ཀྱང་ཆང་དང་ཆང་གི་ནུས་པ་ལྟར་ལུས་ཀྱི་ནུས་པ་ཞིག་ཏུ་ལྟ་བ་ལས། ང་ཚོའི་ཞེ་འདོད་ཀྱི་རྣམ་ཤེས་ལྟ་བུ་ཞིག་རྣམ་པ་ཀུན་ཏུ་ཁས་ལེན་གྱིན་མེད་པས། རང་གི་རིགས་འདྲ་ལས་སྐྱེས་དགོས་པར་སྒྲུབ་པའི་རིགས་པ་འདི་དག་ཁྱད་གཞི་མ་གྲུབ་པར་ཁྱད་ཆོས་སྒྲུབ་པ་ཁོ་ནར་ཟད་དོ་ཞེ་ན། སྐྱོན་མེད་དེ། རྟགས་ཡང་དག་གིས་བསྒྲུབ་བྱ་གང་ཞིག་སྒྲུབ་པའི་ཚེ་ཁྱད་གཞི་དེར་ཞེ་འདོད་ཀྱི་དམིགས་ཚུལ་སོ་སོར་ངེས་པར་དུ་ཡོད་དགོས་པའི་ཕྱིར་རོ། །དཔེར་ན་སངས་རྒྱས་པས་གྲངས་ཅན་པའི་ངོར་བྱས་རྟགས་ཀྱིས་སྒྲ་མི་རྟག་པ་སྒྲུབ་པའི་ཚེ་སྒྲ་རྩོད་གཞི་སྐྱོན་མེད་དུ་སོང་བ་ལྟ་བུའོ། །དེ་ལྟར་མ་ཡིན་ན་རྟགས་ཡང་དག་མི་སྲིད་པར་འགྱུར་ཏེ། རྟགས་ཡང་དག་ཡིན་ན་ཤེས་འདོད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་ཆོས་ཅན་གང་བཟུང་བ་དེ་རྒོལ་གཉིས་ཀའི་ཞེ་འདོད་གཅིག་དགོས་པའི་ཕྱིར་རོ། །དཔེ་ན་སྒྲ་མི་རྟག་པ་གྲུབ་ཟིན་གྱི་རྒོལ་བའི་ངོར་དེ་སྒྲུབ་ཀྱི་གཏན་ཚིག་བྱས་པ་བཞིན་ནོ། །
གལ་ཏེ་གཏན་ཚིགས་དེ་ལ་བསྒྲུབ་བྱ་སྒྲུབ་པའི་ནུས་པ་གང་ཡང་མེད་དེ། དེ་ཁྱབ་མེད་ཀྱི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། གང་རིག་པ་ཡིན་ན་རང་གི་རིགས་འདྲ་སྔོན་དུ་སོང་དགོས་པའི་ཁྱབ་བ་ད་ལྟའི་རིག་པ་སྟེང་དུ་རྒྱང་འཕེན་པས་ཁས་མི་ལེན་པའི་ཕྱིར་སྙམ་ན། ཐོག་མར་དེ་ལྟར་ཁས་མི་ལེན་པ་བདེན་མོད། འདི་ནི་སྐབས་བབ་ཀྱི་རྒོལ་བ་ལེགས་པར་ངོས་ཟིན་ནས་དེ་ངོར་འགོད་པ་ཡིན་པས་སྐྱོན་མེད་དོ། །དེ་ཡང་རྣམས་འགྲེལ་ལས་མཐའ་གཞན་འགོག་པའི་རིག་པ་རྒྱས་པར་གསུངས་པ་དེ་ཉིད་བསྡུས་ཏེ་རིག་གཏེར་རང་འགྲེལ་ལས་ད་ལྟའི་རིག་པའི་ཐོག་ཏུ་སྦྱར་ནས་བཀོད་ཡོད། དེ་གྲུབ་ཚེ་སྐྱེ་མ་ཐག་པའི་རིག་པ་ལའང་སྦྱར་བ་བྱའོ། །སྤྱིར་ཕྱོགས་སྔ་ཕྱིའི་འདོད་པར་ཞིབ་ཏུ་མ་དཔྱད་ན་སྒྲུབ་སླུ་བ་ཞིག་མ་ཡིན་ཀྱང་དུས་ཀྱི་དབང་གིས་རྒྱས་པར་མ་བྲིས་སོ། །
མཚམས་སྦྱོར་བར། །ནུས་ལྡན་མཐོང་བ་གང་དེ་ལ། །ཅི་ཞིག་ཡོད་གྱུར་གང་མེད་པ། །གང་གིས་ཕྱི་ནས་མཚམས་སྦྱོར་མེད། །ཞེས་པས་ཚེ་འདིའི་རིག་པ་སྔ་མ་ཕྱི་མར་མཚམས་སྦྱོར་བར་ནུས་པ་དང་ལྡན་པ་མཐོང་བ་གང་ཡིན་པ་དེ་ལ་རྒྱུ་མཚན་ལྷག་པོ་ཅི་ཞིག་ཡོད་པར་གྱུར་ཅིང་། རྒྱུ་མཚན་གང་ཡང་མེད་པ་གང་གིས་ཕྱི་ནས་ཐ་མལ་པའི་འཆི་ཁ་མའི་ཚེ་མཚམས་སྦྱོར་བ་མེད་པར་འདོད་དེ་རྒྱུ་མཚན་མཚུངས་པའི་ཕྱིར་ཞེས་དང་། ངག་དོན་ནི། ཐ་མལ་པའི་འཆི་ཁ་མའི་རིག་པ་ཆོས་ཅན། རིག་པ་ཕྱི་མ་མཚམས་སྦྱོར་བར་ངེས་ཏེ། ཆགས་ཅན་གྱི་རིག་པ་ཡིན་པའི་ཕྱིར། ཚོགས་པ་ཐ་མའི་མྱུ་གུ་བཞིན། རིག་གཏེར་ལས། རྒྱུ་ཚོགས་ཚང་ཞིང་གེགས་མེད་པའི། །རྟགས་ཀྱིས་ཕྱི་མཐའ་ཐུག་མེད་འགྲུབ། ཅེས་གསུངས་སོ། །འདིའི་སྐབས་སུ་ཚེ་ཕྱི་མ་སྒྲུབ་པ་གཙོ་བོ་ཆེ་ཞིང་། འོག་སྡུག་བདེན་གྱི་སྐབས་སུ་ཚེ་སྔ་མ་སྒྲུབ་གཙོ་བོ་ཆེ་མོད་ཀྱང་གང་ལྟར་དོན་དུ་འགལ་བ་མེད་དོ། །
གལ་ཏེ་སྐྱེ་བ་སྔ་ཕྱི་གྲུབ་ཀྱང་སེམས་ཀྱི་སྟེང་དུ་སྙིང་རྗེ་སྐྱེ་བ་དུ་མ་གོམས་པ་ལས་སེམས་ཉིད་སྔར་མ་གོམས་པའི་གནས་སྐབས་ལས་ཁྱད་པར་ཅུང་ཟད་ཙམ་འགྱུར་ན་ཡང་། སྔར་གྱི་རང་བཞིན་ལས་འདས་པ་མེད་དེ། དཔེར་ན་ལུས་ཀྱི་སྟེང་དུ་མཆོངས་པ་ཇི་ལྟར་གོམས་ཀྱང་མཐའ་མེད་དུ་མི་མཆོངས་པ་དང་ཆུ་ཇི་ལྟར་བསྲོས་ཀྱང་སླར་ལྡོག་པ་བཞིན་ནོ་ཞེ་ན། མ་ཡིན་ཏེ། མཆོངས་པ་ནི་སྔ་ཕྱི་རེ་རེ་ནས་ལུས་ཀྱི་འབད་རྩོལ་ལ་ལྟོས་ཤིང་ལུས་ཀྱི་འབད་རྩོལ་དེ་ཉིད་ཚད་ངེས་པར་ཅན་ཡིན་པས་མཆོངས་པ་མཐའ་མེད་དུ་འཕེལ་བའི་ནུས་པ་མེད་ལ། ཆུའི་དྲོད་ནི་རྟེན་ཆུ་དེ་ཉིད་མི་བརྟན་པ་ཡིན་པས་བརྟེན་པ་དྲོད་དེ་ཡང་སླར་ལྡོག་པ་ཡིན་ནོ། །སྙིང་རྗེ་ནི་དེ་དང་མི་མཚུངས་དེ་རྟེན་བརྟེན་ཅིང་ལུས་ཀྱི་འབད་རྩོལ་སོགས་ལ་མི་ལྟོས་པ་རང་གི་རིགས་མཐུན་སྔ་མ་རེ་རེ་གོམས་པ་ལ་བརྟེན་ནས་བྱུང་བའི་སེམས་ཀྱི་ཡོན་ཏན་ཡིན་པས་དཔེར་ན་བུད་ཤིང་མེས་སྲེག་པ་དང་། དངུལ་ཆུ་དང་གསེར་འདུལ་བ་བཞིན་དུ་སེམས་ཉིད་བརྩེ་བའི་རང་བཞིན་དུ་ངང་གིས་འགྱུར་བ་ཡིན་ནོ། །དེ་བཞིན་དུ་རྟེན་བརྟན་ཅིང་གོམས་རྐྱེན་དང་མ་བྲལ་བར་སྒོམ་པ་ཡིན་ན་གསལ་སྣང་འབྱུང་རྒྱུ་ཡོད་དེ། འདོད་འཇིགས་གོམས་པའི་བློ་བཞིན་ཞེས་སོགས་ཀྱིས་རིགས་པ་དག་གིས་ཀྱང་སྒྲུབ་པ་ཡིན་ནོ། །རྩ་བར། གོམས་ལས་ཁྱད་པར་འགྱུར་ན་ཡང་ཞེས་པ་ནས་ཆགས་བྲལ་ཆགས་དང་ཡིད་བློ་བཞིན་ཞེས་པའི་བར་གྱིས་བསྟན་ཏོ། །རིག་གཏེར་ལས། གོམས་པ་རྫོགས་ནས་དེ་གསལ་བ། །མཐའ་གཞན་བཀག་པའི་ངེས་པས་འགྲུབ། །ཅེས་པའི་སྐབས་སུ་སྟོང་ཉིད་བསྒོམ་པའི་བློ་ཆོས་ཅན་དུ་བཟུང་ཅིང་། ཀུན་འཁྱེན་ཆེན་པོས། སྡེ་བདུན་རབ་གསལ་གྱི་སྐབས་སུ་སྙིང་རྗེ་ཆེན་པོ་དང་བདག་མེད་རྟོགས་པའི་བློ་གཉིས་ཀ་ཆོས་ཅན་དུ་བཟུང་བའང་ཡོད་དོ། །དེ་ལྟར་བརྩེ་བ་སྙིང་རྗེ་ཆེན་པོ་གྲུབ་ཚེ། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཅེས་པའི་ཚུལ་གྱིས་སྟོན་པ་ཡང་གྲུབ་སྟེ། དེ་ཡང་མཐའ་ཡས་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་བློ་ཁྱད་པར་ཅན་ཡོད་ཚེ། སྡུག་བསྔལ་དེ་ཉིད་སེལ་བྱེད་ཀྱི་ཐབས་ཕྱི་ཅི་མ་ལོག་པ་ལ་བརྩོན་ཞིང་། ཐབས་དེ་ཡང་དང་པོ་རང་ཉིད་ཀྱིས་ལེགས་པར་མ་ཤེས་ན་གཞན་ལ་སྟོན་པ་དཀའ་བས་ཐོག་མ་རང་ཉིད་ཀྱིས་དེ་ལ་འབད་པའི་ཕྱིར་རོ། །ཐབས་ནི་བདེན་པ་བཞིའི་གནས་ཚུལ་ཏེ་ཀུན་ཉོན་རྒྱུ་འབྲས་དང་རྣམ་བྱང་རྒྱུ་འབྲས་གཉིས་ཀྱི་དོན་ལེགས་པར་ཤེས་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོ་གཉིས་ཟུང་དུ་འབྲེལ་བའི་རྒྱུ་ཕུན་སུམ་ཚོགས་པ་ཡུན་རིང་དུས་སུ་གོམས་པའི་སྦྱོར་བ་བྱེད་པ་ལས་བདག་མེད་མངོན་སུམ་རྟོགས་པའི་སྟོན་པ་གྲུབ་པ་ཡིན་ནོ། །དེ་ལྟར་གྲུབ་ཚེ་རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས་ཞེས་པ་ལ་སོགས་པ་སྟེ་སྤངས་བ་ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་ཀྱང་གྲུབ་སྟེ། རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་དེ་ཉིད་ཐེག་དམན་གྱི་སེམས་བསྐྱེད་ལྟ་བུ་མ་ཡིན་པ་བསྐལ་ཆེན་གྲངས་མེད་གསུམ་གྱི་བར་དུ་གོམས་པ་བྱེད་པའི་ཕྱིར་རོ། །དེས་ན་སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ་ཞེས་པ་ལྟར་དེ་ལས་སྟོན་པ་བཅོམ་ལྡན་འདས་ནི་མདོའི་མཆོད་བརྗོད་དུ་བསྟན་པའི་སྐྱོབ་པ་ཉིད་གྲུབ་སྟེ། གཞིའི་སྐབས་སུ་ཆོས་རྣམས་ཀྱི་གནས་ཚུལ་ཇི་ལྟ་བ་བཞིན་གཟིགས་ཤིང་། དེ་ཉིད་ལམ་གྱི་སྐབས་སུ་སྙིང་རྗེ་གཞུ་ལྟ་བུ། ཤེས་རབ་མདའ་ལྟ་བུ། ཐབས་མཁས་པ་སྐྱེས་བུ་འཕོང་སྐྱེན་པ་ལྟ་བུ་གསུམ་འཚོགས་པའི་སྒོ་ནས་བསྐལ་པ་གྲངས་མེད་དུ་མར་སྦྱོར་ཞིང་གོམས་པར་མཛད་པའི་སྟོབས་ལས། འབྲས་བུའི་སྐབས་སུ་སྤངས་རྟོགས་ཡོངས་སུ་རྫོགས་པའི་བདེ་གཤེགས་སམ་ཇི་ལྟ་ཇི་སྙེད་ཀྱི་བསྡུས་པའི་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་ཏེ་ཟག་མེད་གྱི་བདེ་བ་མཐའ་ཐུག་པ་མངོན་དུ་བྱས་ཤིང་། དེ་ལྟ་བུའི་གཞི་ལམ་འབྲས་གསུམ་གྱི་གནས་ལ་རྨོངས་པའི་ནད་སྣ་ཚོགས་ཀྱིས་གཟིར་བའི་ཉམ་ཐག་པའི་འགྲོ་བ་སྐོམ་པ་ཆུ་འདོད་པ་ལྟ་བུ་རྣམས་ལ། རང་ཉིད་ཀྱིས་གཟིགས་པའི་ཡོན་ཏན་ཉིད། ཇི་ལྟར་ནད་པ་ནད་པ་ལ་ཞེས་སོགས་གསུངས་པ་ལྟར། ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྒོ་ནས་བདུད་རྩི་ལྟ་བུའི་ངོ་མཚར་རྨད་བྱུང་གི་ཆོས་འཁོར་རིམ་པ་གསུམ་བསྐོར་བས། སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན་ཞེས་པ་ལྟར་སྐྱབས་མཐའ་ཐུག་ཏུ་གྲུབ་བའོ། །འཁོར་ལོ་རྣམ་གསུམ་རྣམ་འགྲེལ་འདིར་ཇི་ལྟར་བསྟན་ཞེ་ན། ལེའུ་འདིར་གཙོ་བོར་འཁོར་ལོ་དང་པོ་གཏན་ལ་དབབ་ཅིང་། མངོན་སུམ་ལེའུ་རུ་འཁོར་ལོ་བར་པ་དྲང་དོན་དུ་བསྟན་ནས་འཁོར་ལོ་ཐ་མ་ངེས་དོན་དུ་བསྟན་ཞེས་པཎ་ཆེན་ཤཱཀྱ་མཆོག་གིས་གསུངས་པ་ལྟར་རོ། །དེ་ལྟར་རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་བསྒྲུབ་པའི་གཏན་ཚིགས་རྣམས་རིམ་བཞིན་གྲུབ་པའི་ཕྱིར་ན། དེ་ཕྱིར་ཚད་ཡིན་ཞེས་པ་ལྟར་མཅོམ་ལྡན་འདས་སྐྱེས་བུ་ཚད་མ་ཡིན་པའི་སྒྲུབ་བྱེད་གྲུབ་པ་ཡིན་ནོ། །གཞན་ཡང་། ལུགས་འབྱུང་གི་རིགས་པ་བཞི་རིམ་བཞིན། དང་པོ་ནི། འགྲོ་ལ་ཕན་བཞེད་ཅེས་པའི་སྐབས་བསྟན་གྱི་བརྩེ་བ་ཆེན་པོ་རྒྱུད་ལྡན་གྱི་རྟགས་ཀྱིས། སྟོན་པ་དང་རྒྱུད་གཅིག་ཏུ་གྱུར་པའི་བྱང་སེམས་སྦྱོང་ལམ་པར་སྟོན་པ་ཞེས་པའི་སྐབས་ནས་བསྟན་པའི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་འབྱུང་རུང་བསྒྲུབ་པ་དང་། གཉིས་པ་ནི། སྟོན་པ་ཞེས་པའི་སྐབས་བསྟན་གྱི་བདག་མེད་མངོན་སུམ་རྟོགས་པའི་ཤེས་རབ་རྒྱུད་ལྡན་གྱི་འཕགས་པའི་རྟགས་ལས། སྟོན་པ་དང་རྒྱུད་གཅིག་ཏུ་གྱུར་པའི་བྱང་སེམས་མཐོང་ལམ་པ་རང་རྒྱུད་ལ་བདེ་གཤེགས་ཞེས་པའི་སྐབས་ནས་བསྟན་པའི་སྤངས་བ་ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་འབྱུང་རུང་བསྒྲུབ་པ་དང་། གསུམ་པ་ནི། བདེ་གཤེགས་ཞེས་པའི་སྐབས་ནས་བསྟན་པའི་སྤངས་བ་ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་ཐོག་མ་མངའ་བའི་རྟགས་ཀྱིས། སྟོན་པ་དང་རྒྱུད་གཅིག་ཏུ་གྱུར་པའི་སངས་རྒྱས་མ་ཐག་པ་དེར་སྐྱོབ་པ་ཞེས་པའི་སྐབས་བསྟན་གྱི་གཞན་དོན་ཕུན་ཚོགས་སྐྱོབ་པ་འབྱུང་རུང་བསྒྲུབ་པ་དང་། བཞི་པ་ནི། སྐྱོབ་པ་ཞེས་པའི་སྐབས་ནས་བསྟན་པའི་གཞན་དོན་ཕུན་ཚོགས་སྐྱོབ་པ་མངའ་བའི་སྐྱེས་བུ་ཡིན་པའི་རྟགས་ཀྱིས། བཅོམ་ལྡན་འདས་ཚད་མའི་སྐྱེས་བུ་མཐའ་ཐུག་པ་བསྒྲུབ་པ་དང་། གོ་རིམ་འདི་བཞིན་ལྡོག་སྟེ་ལུགས་ལྡོག་གི་རིགས་པའང་བཤད་པ་ཡོད་ཀྱང་། སྐབས་དོན་རྩ་བའི་ཚིག་གི་དོན་ལ་ཅུང་ཞུགས་དཀའ་བར་སྣང་སྟེ། ཀུན་མཁྱེན་ཆེན་པོས། སྒྲུབ་བྱེད་ཐུགས་རྗེ་རིགས་པས་བསྒྲུབ། དེ་ལས་སྦྱོར་བ་འབྱུང་བའི་ཚུལ། དེ་ལས་བདེར་གཤེགས་འབྱུང་བའི་ཚུལ། དེ་ལས་སྐྱོབ་པ་འབྱུང་བའི་ཚུལ། དེས་ན་སྒྲུབ་བྱེད་ཡོད་པར་གྲུབ་པའོ། །ཞེས་གསུངས་པ་ལྟར། རྩ་བར། གོང་དུ་དྲངས་ཟིན་ལྟར་སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ་ཞེས་པ་ནས་དེ་ཕྱིར་ཚད་ཡིན་ཞེས་པའི་བར་གྱིས་དེ་ལྟར་བསྟན་པའི་ཕྱིར་རོ། །ལུགས་ལྡོག་གི་རིགས་པ་ལའང་ཤེས་པར་བྱའོ། །
གསུམ་པ་ཚིག་བཅད་དེའི་གོ་རིམ་ལྟར་ལུགས་ལྡོག་གི་སྒོ་ནས་རིམ་བཞིན་བསྒྲུབ་པ་ནི། རྣམ་འགྲེལ་ལས། ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་པའོ། །ཞེས་པའི་ཚུལ་གྱིས། སྟོན་པ་བཅོམ་ལྡན་འདས་སྐྱོབ་པ་ཞེས་པའི་སྐབས་ནས་བསྟན་པའི་སྐྱོབ་པ་ཉིད་ཡིན་ཏེ། གདུལ་བྱ་ལ་བདེན་བཞིའི་གནས་ཚུལ་ཇི་ལྟ་བ་བཞིན་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་རབ་ཅིག་མཐར་ཕྱིན་པའི་སྒོ་ནས་བསྟན་པས་སྡུག་བསྔལ་རྒྱུ་བཅས་ལས་སྐྱོབ་པར་མཛད་པའི་ཕྱིར། མདོ་ལས། དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །འདི་ནི་འགོག་པ་འཕགས་པའི་བདེན་པའོ། །འདི་ནི་ལམ་འཕགས་པའི་བདེན་པའོ། །ཞེས་གསུངས་པའི་དོན་ཏོ། །འཕགས་པའི་བདེན་པ་ཞེས་པ་ནི་འཕགས་པས་གཟིགས་པ་དང་མཐུན་པར་གནས་པ་དེས་ནའོ། །
བསྟན་བྱ་བདེན་བཞི་དེ་ཡང་ཕྱིན་ཅི་མ་ལོག་པ་དངོས་པོ་སྟོབས་ཞུགས་ཀྱིས་གྲུབ་ཚུལ་བཤད་པ་ལ།
བདེན་བཞི་སོ་སོའི་ངོ་བོ་དང་མཚན་གཞི་ངོས་བཟུང་བ། དེ་དག་དངོས་སྟོབས་ཀྱིས་གྲུབ་ཚུལ་བཤད་པ་གཉིས་ལས། དང་པོ་ལ། སྡུག་བདེན་ནི། རང་རྒྱུ་ཀུན་འབྱུང་ལས་བྱུང་ཞིང་མི་རྟག་སོགས་བཞིའི་སྒོ་ནས་ཤེས་པར་བྱ་བའོ། །མཚན་གཞི་ནི། རྣམ་འགྲེལ་ལས། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་དང་། མངོན་པ་ཀུན་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། དེ་ནི་སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱང་རིག་པར་བྱའོ། །ཞེས་པའི་གཞུང་ཤེས་བྱེད་དུ་བྱས་ནས། གསེར་མདོག་པཎ་ཆེན་གྱིས། ལས་དང་རྣམ་སྨིན་གྱི་འབྲས་བུ་གྱུར་པའི་སེམས་ཅན་དང་། དེའི་བདག་པོ་གྱུར་པའི་སྣོད་ཀྱི་འཇིག་རྟེན་ལ་ངོས་འཛིན་ཡོད་དོ། །ཀུན་འབྱུང་བདེན་པ་ནི།
རང་འབྲས་སྡུག་བསྔལ་གྱི་རྒྱུ་གྱུར་ཞིང་རྒྱུ་སོགས་ཆོས་བཞིའི་སྒོ་ནས་སྤང་བར་བྱ་བའོ། །མཚན་གཞི་ནི། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་དང་། དེས་ཀུན་ནས་བསླངས་པའི་ལས་རྣམས་སོ། །འགོག་བདེན་ནི། རང་ཐོབ་བྱེད་ཀྱི་ལམ་མདེན་གྱི་སྟོབས་ཀྱིས་ཐོབ་ཅིང་འགོག་སོགས་བཞིའི་སྒོ་ནས་མངོན་དུ་བྱ་བའོ། །མཚན་གཞི་ནི། དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ་དགག་བྱ་ཆགས་སོགས་ཉོན་མོངས་པ་བཀག་པའི་མེད་དགག་གི་ཆ་འམ། ཡང་ན་དེའི་སྟེང་དུ་དེ་བཀག་པས་ཁྱད་པར་དུ་བྱས་པའི་མྱོང་བ་གསལ་རིག་གི་ཆ་གང་ཡིན་པའོ། །ལམ་བདེན་ནི། འགོག་བདེན་ཐོབ་བྱེད་ཀྱི་རྒྱུ་གང་ཞིག ལམ་སོགས་བཞིའི་སྒོ་ནས་རྒྱུད་ལ་བསྟེན་པར་བྱ་བའོ། །མཚན་གཞི་ནི། བདག་མེད་རྟོགས་ཤེས་རབ་བོ། །འདི་ནི་གནད་བསྡུས་པ་ཙམ་པཎ་ཆེན་ཤཱཀྱ་མཆོག་གི་གཞུང་ལ་གཞི་བཅོལ་པ་ཡིན་ཅིང་དགག་སྒྲུབ་རྒྱས་པར་འདོད་ན་པཎ་ཆེན་ཉིད་ཀྱི་གཞུང་དུ་གསལ་བས་དེར་བལྟ་བར་བྱའོ། །
གཉིས་པ་དེ་དག་དངོས་སྟོབས་ཀྱིས་གྲུབ་ཚུལ་ལ། དང་པོ་སྡུག་བདེན་གྲུབ་ཚུལ་ནི། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། སྡུག་བསྔལ་གྱི་བདེན་པ་ཡིན་ཏེ། མཚན་ཉིད་དེའི་ཕྱིར་ཏེ། རྣམ་འགྲེལ་ལས། དེ་ནི་རེས་འགའ་དམིགས་པའི་ཕྱིར། །མིརྟག་ཉེས་པའི་རྟེན་ཕྱིར་དང་། །རྒྱུ་དབང་ཕྱིར་ཡང་སྡུག་བསྔལ་ཡིན། །བདག་མིན་བྱིན་གྱིས་བརླབས་པའང་མིན། །ཞེས་པ་ནས། དེ་ནི་རྟག་རྣམས་ལ་ཡོད་མིན། །ཞེས་པའི་བར་གྱིས་བསྟན་པ་སྟེ། ཉེར་ཕུང་དེ་ནི་རེས་འགའ་སྐྱེ་བའི་དངོས་པོ་ཡིན་པས། མི་རྟག་པའི་རྣམ་པར་གྲུབ་ཅིང་། དེ་ཡང་རྟག་ཏུ་མ་ཡིན་པར་རེས་འགའ་གྲུབ་པའམ་སྐྱེ་བ་དང་རྒ་བ་སོགས་མཐོང་བའི་སྟོབས་ཀྱིས་གྲུབ་པས་ན། ཕྲ་བའི་མི་རྟག་པའི་གོ་བ་ཡང་བསྟན་ཏེ། ཆོས་རྒྱལ་ས་པཎ་གྱི། རིག་གཏེར་ལས། དང་པོ་སྐད་ཅིག་མི་འཇིག་ན། །རགས་པའི་འགྱུར་བ་ག་ལ་སྲིད། །ཅེས་དང། མངོན་སུམ་ལེའུ་སྐབས་སུ་བྱེ་བྲག་སྨྲ་བས་སྐྱེ་གནས་འཇིག་གསུམ་རྫས་ཐ་དད་དུ་འདོད་པ་བཀག་ནས་དེ་གསུམ་ངོ་བོ་གཅིག་ཏུ་བསྟན་པའི་ཕྱིར་རོ། །འོན་ཀྱང་འདི་སྡུག་བདེན་གྱི་སྟེང་དུ་ཤེས་པར་བྱ་བའི་མི་རྟག་པ་དང་འཁྲུལ་བ་མི་བྱའོ། །ཉེས་པའི་རྟེན་ཏེ་སྐྱེ་རྒ་ན་འཆི་སོགས་སྐྱོན་ཡོངས་རྫོགས་འདི་ལས་དམིགས་ནས་བྱུང་བ་དང་རྒྱུ་ལས་ཉོན་གྱིས་གཞན་དུ་གྱུར་པས་ན། སྡུག་བསྔལ་བ་ཡིན་པར་གྲུབ་པ་དང་། ལེགས་པར་དཔྱད་ཚེ་ཤིང་རྟའི་ཡན་ལག་དང་ཚོགས་པ་གང་ཡང་ཤིང་རྟའི་ངོ་བོར་མ་གྲུབ་པ་ལྟར། ཕུང་པོ་ཚོགས་དང་རེ་རེ་བཞིན་བདག་ཏུ་མ་གྲུབ་པ་དང་དེ་དང་མཚན་ཉིད་མི་མཐུན་པས་ན། རང་གི་ངོ་བོར་གྱུར་པའི་བདག་མེད་པའི་བདག་མེད་དུ་གྲུབ་པ་དང་། ཕྱི་རོལ་པས་བཏགས་པ་ལྟར་དེ་ལས་དོན་གཞན་པའི་བདག་ཅེས་བྱ་བ་མོ་ཤམ་བུ་ལྟར་ཚད་མས་མ་གྲུབ་པ་དང་། དེ་ལྟ་བུའི་བདག་རྟག་པ་སྐྱེད་བྱེད་མི་འཐད་པའི་ཕྱིར་ན། དོན་གཞན་པའི་བདག་གིས་སྟོང་པའི་སྟོང་ཉིད་དུ་གྲུབ་པའོ། །གཉིས་པ་ཀུན་འབྱུང་བདེན་པ་གྲུབ་ཚུལ་ནི། རེས་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་ཉིད་རྒྱུ་བཅས་ཉིད་གྲུབ། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་སོགས་ཀྱིས་བསྟན་པ་ནི། སྡུག་བསྔལ་དེ་ཉིད་ལའི་དུ་བ་ལྟར་རེས་འགའ་བའི་མི་རྟག་པ་ཡིན་པས་རྒྱུ་དང་བཅས་པ་གྲུབ་ཅིང་། དེ་ཡང་རྒྱང་འཕེན་ལྟར་རྒྱུ་མེད་དང་གཙོ་བོ་དང་དབང་ཕྱུག་རྟག་པ་སོགས་ལས་སྐྱེ་བ་རིགས་པས་ཁེགས་པའི་ཕྱིར་ན། རང་རྒྱུད་བདག་འཛིན་སྲིད་པ་དེ་ཉིད་རྒྱུ་ཡིན་པར་གྲུབ་ལ། རྒྱུ་བདག་འཛིན་དེ་ཆོས་ཅན། ཀུན་འབྱུང་བདེན་པ་ཡིན་ཏེ། མཚན་ཉིད་དེའི་ཕྱིར་ཏེ། ཡང་སྲིད་ཀྱི་བག་ཆགས་འཇོག་པར་བྱེད་པའི་ཕྱིར་ན། རྒྱུར་དང། བག་ཆགས་བཞག་པ་དང་མཐུན་པར་རང་འབྲས་སྡུག་བསྔལ་ཡོངས་རྫོགས་བསྐྱེད་པས་ན། ཀུན་འབྱུང་དང་། སྡུག་བསྔལ་བྱེ་བྲག་ཏུ་ངེས་པར་བྱེད་པས་ན། རབ་སྐྱེ་དང་། སྡུག་བསྔལ་སྔ་མ་དོར་ཞིང་ཕྱི་མ་ལེན་པར་བྱེད་པའི་ཕྱིར་ན། རྐྱེན་དང་བཅས་ཏེ་བཞིར་གྲུབ་པ་དེས་ན་སྤང་བྱ་ཉིད་དོ། །
གསུམ་པ་འགོག་བདེན་གྲུབ་ཚུལ་ནི། དེ་ནི་གཏན་དུ་བ་མིན་ཏེ། །རྒྱུ་ལ་གེགས་སོགས་སྲིད་ཕྱིར་རོ། །ཞེས་སོགས་ཀྱིས་བསྟན་པ་སྟེ། སྡུག་བསྔལ་གྱི་རྒྱུ་གཙོ་བོ་ཀུན་འབྱུང་སྲེད་པ་དེ་ནི་རྒྱུ་མ་རིག་པ་ལ་བརྟེན་ནས་བྱུང་བས་རྟག་བརྟན་དུ་མ་གྲུབ་ཅིང་། མ་རིག་པ་དེ་ཉིད་ལ་གེགས་དང་རྒྱུ་མ་ཚོགས་པ་སྲིད་པས་མ་རིག་པ་དེ་ཉིད་འགག་པར་གྲུབ་ཅིང་། དེས་ན་བུད་ཤིང་ཟད་ན་མེ་ངང་གིས་འགག་པ་བཞིན་དུ་དེའི་འབྲས་བུ་གྱུར་པའི་ཆགས་སྲེད་དང་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་འདི་འགག་པར་གྲུབ་པའོ། །ཅི་སྟེ་དེ་ལྟར་འཁོར་བ་དོར་ཏེ་ཐར་བ་མངོན་དུ་བྱས་པའི་གང་ཟག་ཅིག་དོན་ལ་ཇི་ལྟར་ཡོད་དམ་སྙམ་ན། མུ་སྟེགས་བྱེད་ལྟར་རྟག་བདག་སོགས་ལ་འཆིང་གྲོལ་མི་འཐད་པས་མེད་ལ། རང་ལུགས་ཀྱིས་འདོད་པའི་བདག་ཞེས་བྱ་བའང་དོན་ལ་བཏགས་པ་བ་ཡིན་པས་མ་གྲུབ་ཀྱང་། ཐ་སྙད་དུ་ལས་འབྲས་བླང་དོར་གྱི་རྣམ་བཞག་བྱེད་ཚེ་ཕུང་པོ་ལས་བསགས་པ་དང་རྣམ་སྨིན་མྱོང་བ་དང་ཉོན་སྒྲིབ་སྤངས་ནས་ཐར་བ་ཐོབ་པ་ལ་བདག་འཆིང་གྲོལ་བྱེད་པར་འདོད་དོ། །འཁོར་རྒྱུ་གཙོ་བོ་སྲིད་པ་ཡིན་ན་དེ་སྤངས་པའི་འཕགས་པ་དག་འཁོར་བ་ལ་ཇི་ལྟར་གནས་ཤེ་ན། ཐེག་ཆེན་འཕགས་པ་དག་ནི་ཐབས་སྙིང་རྗེ་ཆེན་པོའི་དབང་གིས་གཞན་དོན་དུ་གནས་ལ། ཐེག་དམན་ཉན་རང་ལྟ་བུ་ནི་སྔོན་གྱི་ཀུན་འབྱུང་གིས་འཕངས་པའི་ལས་ཀྱི་ནུས་པ་མ་ཟད་པས་དེའི་རྐྱེན་གྱིས་ཕུང་པོ་རྒྱན་མ་གཏོང་བ་ཡིན་ནོ། །དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ་དེ་ལྟ་བུའི་སྡུག་བསྔལ་དང་རྒྱུ་སོགས་འགག་པ་ཆོས་ཅན། འགོག་བདེན་ཡིན་ཏེ། མཚན་ཉིད་དེའི་ཕྱིར་ཏེ། རྒྱུ་ལས་དང་ཉོན་མོངས་པ་འགགས་པས་ན་འགོག་པ་དང་། འབྲས་བུ་སྡུག་བསྔལ་ཉེ་བར་ཞི་བས་ན། ཞི་བ་དང་། འདོད་བྱ་མཆོག་ཡིན་པས་ན། གྱ་ནོམ་དང་། སྤངས་པ་སླར་མི་ཟློག་པས་ན། ངེས་འབྱུང་བཅས་གྲུབ་པའི་སྒོ་ནས་མངོན་དུ་བྱ་བར་གྲུབ་པའོ། །གལ་ཏེ་མངོན་དུ་བྱ་བར་མི་འཐད་དེ། མེད་དགག་ཡིན་པའི་ཕྱིར། ཁྱབ་སྟེ། དོན་བྱེད་ནུས་པ་མ་ཡིན་ན། །དོན་གཉེར་བརྟགས་པ་ཅི་ཞིག་བྱ། ཞེས་པའི་གཞུང་དོན་གྲུབ་པའི་ཕྱིར་རོ་སྙམ་ན། བདེན་མོད། འདི་ནི་རྟོག་པས་རྣམ་བཞག་བྱེད་ཚུལ་ཞིག་ཡིན་ལ། དོན་ངོ་མའི་ཐོབ་བྱ་ནི་ཆགས་སོགས་ཉོན་མོངས་བྲལ་བའི་ཡོན་ཏན་མཆོག་གམ་བདག་མེད་པས་ཁྱད་པར་དུ་བྱས་པའི་ཕུང་པོ་རང་མཚན་པ་ཉིད་ཡིན་དེ། པཎ་ཆེན་ཤཱཀྱ་མཆོག་གིས། མཚན་གཞི་ལ། དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ་ཆགས་སོགས་བཀག་པའི་མེད་དགག་གི་ཆ། ཞེས་དང་། དེ་མ་ཐག་ཏུ་བོད་ཕྱི་མ་དག འགོག་བདེན་ལ་མི་དགག་གི་ཁྱབ་བ་འདོད་པ་ནི། ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གང་གི་ལུགས་སུ་ཡང་མི་རུང་སྟེ་ཞེས་སོགས་གསུངས་པ་དེ་ཉིད་དོན་ལ་གནས་པའི་འཆད་ཚུལ་རྨད་བྱང་དུ་སྣང་ངོ། །བཞི་པ་ལམ་བདེན་གྲུབ་ཚུལ་ནི། བཤད་ཟིན་ལམ་དེ་གོམས་པ་ལས། །ཞེས་སོགས་ཀྱིས་བསྟན་པ་སྟེ། གོང་དུ་བཤད་པའི་ལམ་དེ་ཉིད་གོམས་པར་གནས་གྱུར་པའི་བློ་ནི་ཉེས་པ་ཀུན་གྱི་གཉེན་པོར་གྱུར་པའི་བདག་མེད་མངོན་སུམ་རྟོགས་པའི་ཤེས་རབ་ཡིན་ཞིང་། དེ་ཡང་གང་ཞིག་བདག་མཐོང་དེ་ལས་ནི། །ང་ཞེས་རྟག་ཏུ་ཞེན་པར་འགྱུར། །ཞེས་སོགས་དང་། །བདག་ཡོད་ན་ནི་གཞན་འདུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བ་འགྱུར། །ཞེས་པ་ལྟར་དེ་དང་འཛིན་སྟོང་དངོས་སུ་འགལ་བའི་བདག་འཛིན་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན་པས་དེ་སྤངས་བ་ལ་དེའི་ཞན་ཡུལ་བདག་དེ་ཉིད་དགག་དགོས་ཏེ། འདི་ཡུལ་སུན་དབྱུང་མེད་པ་ནི། །དེ་སྤང་བ་ནི་ནུས་མ་ཡིན། །ཞེས་གསུངས་པས་སོ། །བདག་དེ་ཉིད་ཕུང་པོ་དང་གཅིག་དང་ཐ་དད་གང་དུ་ཡང་རིགས་པས་མ་གྲུབ་པས་བདག་མེད་ངེས་པའི་ངེས་ཤེས་ཉིད་ལ་གོམས་རྐྱེན་དང་མ་བྲལ་བའི་སྒོ་ནས་བསྒོམས་པ་རྫོགས་ཚེ་བློ་དེ་རང་བདག་མེད་མངོན་སུམ་རྟོགས་པའི་ལམ་བདེན་ཡིན་ཏེ། མཚན་ཉིད་དེའི་ཕྱིར་ཏེ། འདིས་བགྲོད་པའམ། འདིར་བགྲོད་པའི་དོན་གྱིས་ན་ལམ་དང་། མི་རིགས་པ་ཉོན་མོངས་པ་སྤོང་བས་ན་རིགས་པ་དང་། སེམས་ཕྱིན་ཅི་མ་ལོག་པར་བསྒྲུབས་པས་ན་བསྒྲུབ་པ་དང་། སྦང་བྱའི་ས་བོན་དྲངས་ནས་འབྱིན་པར་བྱེད་པས་སམ་དེ་ཕྱུང་ཟིན་པས་ན་ངེས་འབྱིན་ནོ་ཞེས་པཎ་ཆེན་ཤཱཀྱ་མཆོག་གིས་གསུང་པ་ལྟར་རྒྱུད་ལ་བསྟེན་པར་བྱ་བ་ཉིད་དུ་གྲུབ་པའོ། །
གོ་རིམ་འདི་ཡང་མངོན་རྟོགས་རྒྱུད་ལ་སྐྱེ་བའི་དབང་དུ་བྱས་པ་སྟེ། གྲོལ་བ་དོན་གཉེར་གྱི་གང་ཟག་གིས་འཁོར་བའི་གནས་རིགས་འདི་ལས་ཐར་འདོད་ཀྱི་བློའམ་ངེས་འབྱུང་སྐྱེ་བར་བྱ་བ་ལ། དེ་ཉིད་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པར་བྱ་ཞིང་། དེ་ཡང་རྒྱུ་མེད་པ་སོགས་ལས་འབྱུང་བ་མིན་པར་རྒྱུ་ཀུན་འབྱུང་མ་རིག་པ་དེ་དག་གི་དབང་ལས་བྱུང་བར་ཤེས་ཤིང་སྤོང་འདོད་ཀྱི་བློ་སྐྱེ། ཀུན་འབྱུང་སྤང་ན་མཆོག་གི་བདེ་བ་འགོག་པ་ཐོབ་ཏུ་ཡོད་པར་མཐོང་ནས་དེ་འཐོབ་བྱེད་ཀྱི་ཐབས་བདག་མེད་རྟོགས་པའི་དོན་ལ་འཇུག་པའི་ཕྱིར་ཏེ། དཔེར་ན་ནད་ཀྱིས་ཟིན་པའི་གང་ཟག་གིས་ཐོག་མར་ནད་ངོས་ཟིན་པར་བྱས་ཏེ་དེའི་རྒྱུ་གང་ཡིན་པར་ཤེས་ནས་སྤོང་འདོད་སྐྱེ། སྤང་ན་ནད་ཞི་བའི་བདེ་བ་འཐོབ་ཏུ་ཡོད་པ་ཤེས་ཤིང་དེའི་གཉེན་པོ་སྨན་བསྟེན་པ་ལ་འཇུག་པ་བཞིན་ཏེ། རྒྱུད་བླ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་འཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་གསུངས་པ་ལྟར་རོ། །
དེ་ལྟ་བུའི་སྟོན་པ་བཅོམ་ལྡན་འདས་སྐྱོབ་པ་ཞེས་པའི་སྐབས་ནས་བསྟན་པའི་སྐྱོབ་པར་གྲུབ་པས། གཞུང་ལས། སྐྱོབ་ལས་དེ་ཉིད་དང་བརྟན་དང་། །མ་ལུས་ཁྱད་པར་མཁྱེན་པར་གྲུབ། །ཞེས་སོགས་གསུངས་པའི་ཚུལ་གྱིས། རྟོག་པ་ཕུན་ཚོགས་ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་ཀྱང་གྲུབ་སྟེ། སྐྱོབ་པ་དེ་ནི་རྒྱུ་ཆོས་གསུམ་ལྡན་གྱི་མཁྱེན་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །
དེ་ཡི་ཕྱིར། །གཞན་དོན་མཁྱེན་སྦྱོར་དེ་སྟོན་པ། །ཞེས་པའི་ཚུལ་གྱིས། སྟོན་པ་བཅོམ་ལྡན་འདས་ལ་མཁྱེན་པ་ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་མངའ་བ་དེའི་ཕྱིར་ན། གཞན་གྱི་དོན་མཁྱེན་པའི་ཐབས་ལ་སྦྱོར་ཞིང་གོམས་པར་མཛད་པའི་རྒྱུ་དུས་གྱི་སྟོན་པ་སྔོན་དུ་སོང་བར་གྲུབ་པའོ། །
དེ་ལས་བརྩེ་ཡིན་གཞན་དོན་ངོར། །དོན་གྲུབ་མཛད་པ་མི་འདོར་ཕྱིར། །ཞེས་པ་སྟེ། དེ་ལྟ་བུའི་ཐབས་ལ་བརྩོན་པའི་སྟོན་པ་གྲུབ་པའི་རྟགས་ལས། གཞན་ལ་བརྩེ་བའི་ཐུགས་རྗེ་སྔོན་དུ་སོང་བ་གྲུབ་སྟེ། གཞན་དོན་གྱི་ངོར་བྱས་ནས་རང་ཉིད་ཀྱི་དོན་སྦང་རྟོག་ཡོངས་སུ་རྫོགས་པ་གྲུབ་ཀྱང་ཆོས་བསྟན་པའི་མཛད་པ་མི་འདོར་ཕྱིར་རོ། །
བརྩེ་བས་ལེགས་དང་ཡེ་ཤེས་ལས། །བདེན་པ་གསུངས་མཛད་སྒྲུབ་བྱེད་བཅས། །དེ་གསུང་བར་ཡང་མངོན་སྦྱོར་ལྡན། །གང་ཕྱིར་དེས་ན་ཚད་མ་ཉིད། །ཅེས་པ་སྟེ། དེ་ལྟར་སྒྲུབ་བྱེད་རིམ་བཞིན་གྲུབ་པ་དེས་ན་བཅོམ་ལྡན་འདས་ཚད་མའི་ཐབས་ལ་ནན་ཏན་བྱས་པ་གྲུབ་པས། རྣམ་གྲོལ་དོན་དུ་གཉེར་བའི་གདུལ་བྱ་རྣམས་ལ་ནོར་མེད་སླུབ་མེད་ཀྱི་ཚད་མའི་སྐྱེས་བུ་ཉིད་དུ་གྲུབ་པའོ། །
དེ་ལྟ་བུའི་ཚད་མ་རྣམ་འགྲེལ་གཞུང་གི་བརྗོད་བྱ་གཙོ་བོ་ནི་ལེའུ་གཉིས་པ་འདིར་བསྟན་པའི་བརྗོད་བྱ་དག་ཡིན་ཞིང་། དེ་ཡང་མདོར་བསྡུས་པ་ཙམ་ཞིག མཁས་པ་གོ་ཤཱག་རྣམ་གཉིས་སོགས་ཀྱི་དམ་པ་གང་མ་དག་གི་གསུང་རབ་ལ་གཞི་བཅོལ་ཏེ་རྒྱ་མཚོའི་ནང་དུ་ཆུ་ཐིགས་ཙམ་བཤད་པའོ། །
སླར་སྨས་པ།
གཏི་མུག་རྨོངས་པས་རབ་ཏུ་བཅིངས་པ་ངས། །
དམ་པའི་གཞུང་ལུགས་དྭངས་གཙང་ཆུ་བོ་ལ། །
དྲི་མའི་རྟོག་བློར་གང་ཤར་བྲིས་པ་ཡིས། །
ཉེས་པ་གང་མཆིས་དཔྱོད་ལྡན་མདུན་དུ་བཤགས། །
རྣམ་དག་ལྷག་བསམ་འབད་པའི་འོད་དཀར་དགེ། །
ཐོག་མེད་འཁོར་བའི་མུན་ནག་བཙོན་ར་ལ། །
དབང་མེད་འཁྱམ་པའི་མ་གྱུར་སེམས་ཅན་ཀུན། །
མཐའ་ཐུག་རྒྱལ་བའི་རྒྱལ་སར་ཟིན་པར་ཤོག །
ཞེས་རླབས་དགོན་གསར་དགོན་གྱི་གྲྭ་རིགས་སུ་གཏོགས་པའི་དངོས་ཐུབ་བསྟན་ཉི་མའམ་གཅེས་མིང་དཔལ་ལྡན་ཞེས་འབོད་པ་དེ་ཉིད་ཀྱིས་མཁས་གྲུབ་བྱེ་བའི་འབྱུང་གནས་རྫོང་སར་ཁམས་བྱེ་ལྔ་རིག་ནང་བསྟན་སློབ་གླིང་དུ་བོད་ཟླ ༡༡ ཚེས ༡༥ ཉིན་འཇུག་རྫོགས་པར་བྱས་ཏེ་བྲིས་པས་དགེ་ལེགས་གྱུར་ཅིག །། །། དགེའོ།། དགེའོ།། དགེའོ།།
展开阅读全文