ལོ་སར་བཟང་། ✔མིག་གསུམ་པ། ཤར་གྱི་སྐྱ་རེངས་བཅགས་བྱུང་འོ་ཟིའི་མདངས་ཀྱང་འཕྲོས་བྱུང་།། སྐེད་སྐབས་ཟམ་ཆུང་ལྡེམ་གྱི་ཟམ་ལ་དཀར་ཆུས་ལྟེམས་ཀྱི།། སྐྱེས་འབྲས་མཚར་བ་འདུག་གི་སྨན་ཆུང་ལོ་སར་བཟང་གི། མཆོད་ཀ་ཆབ་ཀྱི་ཟེགས་མ་ནམ་མཁའི་ལྷ་ལ་སྟོབས་པ།། ནངས་ཀྱི་འཆར་ཀའི་ཕྲེང་བ་རི་སྡེའི་པང་ལ་དཔྱངས་བྱུང་།། དུད་སྤྲིན་མཁའ་ལ་འཁྲིགས་ཀྱི་དྲི་བསུང་ཕྱོགས་ཀུན་འཐིལ་གྱི།། རླུང་རྟ་དར་བ་འདུག་གི་སྟག་ཤ་ལོ་སར་བཟང་གི། ལྷ་བསང་དཀར་པོའི་སྐྱེམས་འདི་དགྲ་ལྷ་དཔུང་དུ་བསྟོད་ཨང་།། མངར་སྐྱུར་ཤིང་འབྲས་མཆོད་པ་དཀར་དམར་བཅུད་ཀྱང་བསྟབས་པ།། གདོང་ལ་འཛུམ་ཡག་སྣུམ་གྱི་དགོད་སྒྲ་ཤིག་ཤིག་ངོམས་ཀྱི།། མཉམ་དུ་འཛོམས་པར་ཡག་གི་སྙིང་སྡུག་ལོ་སར་བཟང་གི། བརྟས་པའི་སྤྲོ་བ་འདི་ཡང་སྐྱིད་ཀྱི་སྟ་གོན་ཡིན་འདྲ།། འགྲུལ་བ་ཕར་ལ་སྐྱེལ་ཞིང་གཉེན་ཉེ་ཚུར་ལ་བསུ་ཞིང་།། མགྲོན་ཁར་ཆང་གིས་ཚིམ་གྱི་སེམས་པར་གཏམ་གྱིས་སིམ་གྱི།། ཅི་བསམ་འགྲུབ་པ་འདུག་གི་ན་ཟླ་ལོ་སར་བཟང་གི། སྐྱེལ་བསུའི་རྟེན་འབྲེལ་ཆོ་ག་མཐུན་པའི་ཨ་ལོང་ཨེ་རེད།། ཨེ་མ་དབྱངས་རྟ་འགྱུར་བྱུང་གཞོན་པའི་གར་སྟབས་རྩེན་བྱུང་།། ལག་ཟུང་འཁྲི་ཤིང་ལྡེམ་འདྲ་དར་ཤམ་སྤྲིན་དཀར་སྐྱོམ་འདྲ།། འཕྱོར་སྒེག་བརྒྱན་པར་ཡག་གི་གཞོན་པ་ལོ་སར་བཟང་གི། དྲི་ཟའི་འཕྲུལ་གྱི་དགའ་སྟོན་མི་སེམས་མཁའ་རུ་བཏེགས་བྱུང་།། གྱི་ལིང་རྨིགས་སྒྲ་ཐགས་ཐགས་མགྲོན་གྱི་ཀི་སྒྲ་སིང་སིང་།། བྱིས་པས་ཐ་གུ་འཐེན་གྱི་གཞོན་དར་ཤེད་ཤུགས་འགྲན་གྱི།། རྩེད་མཚར་གསར་བ་ཡིན་གི་ཀ་ཡེ་ལོ་སར་བཟང་གི། རིགས་ཀྱི་དཔྱིད་གསར་དཔལ་ཡོན་མངོན་པར་འཕག་པའི་ལྟས་རེད།། མཁའ་མཐར་མཚམས་སྤྲིན་འཐིབས་པ་གྲོང་མཐར་ས་ཡང་རུབ་པ།། གསུར་ངད་གང་སར་གྲམ་གྱི་དར་དིར་ཆོས་དབྱངས་གྱེར་གྱི།། ཚེ་བསོད་འཕེལ་བ་འདུག་གི་འདུས་པ་ལོ་སར་བཟང་གི། ལུས་སེམས་དཀར་པོའི་འདུ་བྱེད་སྨོན་པའི་ཞི་བདེའི་སོན་རེད།། ཕ་ཁུ་བརྗིད་ཉམས་འགྱིང་ངེར་མ་སྲིང་འཆོར་གྱིས་སྤྲས་སེར།། བུ་ཚ་མཚར་སྣང་ཤིག་གེར་ཡུལ་ལ་ཧབ་ཆ་དིར་རེར།། སྐྱིད་པའི་སྤྲོ་བ་བརྟས་གི་གཞི་བྱེས་ལོ་སར་བཟང་གི། གནམ་ལོ་གསར་ཚིགས་ནང་ལ་བཀྲ་ཤིས་སྨོན་འདུན་ཞུ་ཨང་།། ..................................ཕ་ཡུལ་གྱི་དཔྱིད་གསར་དགའ་སྟོན་རོལ་བའི་རྣམ་པ་དག་ཉིན་གཅིག་གི་ནངས་ནུབ་གུང་གསུམ་ལ་ཕྲེང་དུ་བསྟར་ཏེ་ཕ་ཡུལ་གྱི་སློབ་གཉེར་བ་རྣམས་དང་རྩོམ་བྱང་གཅིག་གི་ཐོག་ནས་སྤེལ་བ་ཡིན།
ལོ་གསར་བསུ། ✔ ཀུན་བཟང་སྒྲོལ་མ། གཡང་ཁྱིམ་གྲུ་བཞིར་དྲོད་ཅིག་ལོས་ཡོད།། ཕ་མའི་ཐུགས་ཀྱི་བརྩེ་བ་ཟབ་སོང་།། ཐབ་ཚང་དྲོན་མོར་འཛུམ་གྱིས་ཁེངས་ཡོད།། ཁྱིམ་མི་ལྷན་འཛོམ་དགོད་སྒྲ་སྙན་ཨང་།། སྒོ་ར་གྲུ་བཞིར་གཡང་ཞིག་འཁྱིལ་ཡོད།། རྟ་ནོར་ལུག་གི་འཕེལ་ཁ་རྒྱས་སོང།། ཁ་བ་དཀར་པོའི་ཚན་ཁ་འབར་བའི།། ལྷག་བསམ་བུ་མོས་ནས་ཆང་བཏེགས་ཡོད།། བདེ་སྐྱིད་དཔལ་གྱི་མཚོ་མོ་འཁྱིལ་དུས།། འཕེལ་རྒྱས་རླབས་ཀྱི་སྒྲ་དབྱངས་སྙན་ཞིང་།། དགྱེས་འཛུམ་འབྲོག་པའི་ཁ་གཡང་སྙན་མོས།། གནམ་ལོ་གསར་བའི་བསུ་མ་བྱེད་ཡོང་།། འབྲུ་རིགས་སྣ་ལྔའི་བསུང་ཞིམ་ཁྲོད་ནས།། རྒན་གཞོན་ཕོ་མོའི་འཛུམ་མདངས་བསུ་འགྲོ།། བཀྲ་ཤིས་དགེ་པའི་སྨོན་ཚིག་བསྡེབས་ནས།། མེ་མོ་ཁྱི་ཡི་ལོ་གསར་བསུ་ཡོང་།། མི་ལ་ཚེ་རིང་བསམ་དོན་འགྲུབ་ཅིང་།། ཕྱུགས་ལ་འཕེལ་ཁའི་ཁ་བསོད་རྒྱས་ཤོག། ལུས་ལ་ནད་མེད་སེམས་པ་སྐྱིད་ཅིང་།། བྱ་བཞག་འགྲུབ་ཅིང་འཚོ་བ་སྐྱིད་ཤོག།
ལོ་སར་བཟང་། ✔ཀློང་མྱི། ཕུ་ནུ་མིང་སྲིང་འཛོམས་པའི་དུས་བཟང་གཅིག། ཟས་བཅུད་སྣ་ཚོགས་འཛོམས་པའི་ཉིན་མོ་གཉིས།། གླུ་གར་བྲོ་གསུམ་འཛོམས་པའི་སྐལ་བཟང་གསུམ།། བཟང་གསུམ་འཛོམས་པའི་གནམ་ལོ་གསར་ཚེས་བསུ།། ཁྱིམ་ལ་དགོད་སྒྲ་འཆར་བས་འཆམ་མཐུན་ཤོག། ལྷ་བསང་གནམ་ལ་འཕྱོར་བས་རླུང་རྟ་དར།། དཀར་ཆུ་དྭངས་ཁམས་གསོལ་བས་ལུས་ཁམས་བདེ།། མཚམས་འདྲི་སྨོན་ཚིག་འདི་ཡིས་ལོ་སར་བསུ།། ལུས་ཀྱིས་གླུ་གར་འཁྲབ་པས་ལུས་མུན་གསལ།། ངག་གིས་གླུ་དབྱངས་སྙན་པས་ངག་སྒྲིབ་དག། ཡིད་ཀྱིས་ཚོར་སྣང་སྐྱིད་པས་མ་རིག་འཇོམས།། རྟེན་འབྲེལ་ཚིག་གསུམ་འདི་ཡིས་བཀྲ་ཤིག་ཤོག།
ལོ་གསར་བཟང་། ✔འདན་འོད་ཟེར དེ་རིང་གནམ་ལོ་གསར་བ་བསུ། ཁྱིམ་མི་ལྷན་འཛོམ་དགོད་སྒྲ་སྐྱིད་ཀྱིས་འཛུམ། ཀི་ཀི་བསྭོ་བསྭོ་འགུར་དབྱངས་རྒྱང་ལ་གྲགས། ལོ་གསར་བཟང་། ཁ་གཡང་འབོད། དེ་རིང་གནམ་ལོ་གསར་བ་བསུ། ཟས་དཀར་ཟས་གསུམ་ཀྱི་བྲོ་བ་བྱིན་གྱིས་ཆགས། སྦྲང་མངར་ཟས་གསུམ་གྱི་མཆོད་པ་ཕྲེང་དུ་སྟར། ལོ་གསར་བཟང་། ཁ་གཡང་འབོད། དེ་རིང་གནམ་ལོ་གསར་བ་བསུ། བཀྲ་ཤིས་པའི་རྒྱལ་མཚན་དགུང་ལ་སྒྲོན། དོན་འགྲུབ་པའི་མཚོ་མོ་གཞིས་ལ་ཆགས། ལོ་གསར་བཟང་། ཁ་གཡང་འབོད། དེ་རིང་གནམ་ལོ་གསར་བ་བསུ། ཕུན་སུ་ཚོགས་པའི་ལྷ་དར་རླུང་གིས་བསྐྱོད། རྫོགས་ལྡན་དཔྱིད་ཀྱི་དུས་སྟོན་ལྷུན་གྱིས་འགྲུབ། ལོ་གསར་བཟང་། ཁ་གཡང་འབོད།
བོད་ཀྱི་ལོ་གསར་བཟང་། ✔ཀུན་དགས། རྒན་དབུ་དཀར་བཞིན་རས་འཛུམ་གྱིས་ཁེངས་ནས།། ཞལ་ཞེ་ཟུང་བཅོས་མིན་སྨོན་ཚིག་འདོན་ཏེ།། ཁྱིམ་གཞིས་བཟང་གཡང་ཚང་བདེ་ལྡན་འཁྱིལ་བའི།། སྐྱིད་རྟེན་འབྲེལ་ཚིག་གིས་ལོ་སར་བསུ་འགྲོ།། གཞོན་དར་མའི་ལང་ཚོ་གར་ལ་བསྒྱུར་ཞིང་།། ངག་གླུ་དང་མཆོད་དབྱངས་འཛུམ་དགོད་ཕྱུག་ནས།། ཟས་འབྲི་དྲུག་ཟས་མཆོག་ལྷ་ལ་མཆོད་ཀྱིན།། ལོ་གསར་བའི་སྨོན་མདུན་གར་གྱིས་བསུ་འགྲོ། ཆུང་བྱིས་པའི་ཞལ་ཁྱིམ་སྤྲོ་འཛུམ་ཕྱུག་པ།། སྦྲང་ཀ་ར་རོ་འཛིན་ཀློང་ན་མྱོང་ཀྱིན།། སེམས་བག་ཡངས་ཁེངས་པའི་ན་ཆུང་ཁྲོད་ནས།། ངག་ཀ་ཁའི་དབྱངས་གྱིས་ལོ་སར་བསུ་འགྲོ།
བོད་ཀྱི་ལོ་གསར་བཟང་། ✔སྤྲིན་གྱི་མེ་ཏོག བོད་ཟླ་དང་པོའི་ཚེས་གཅིག་ནི་བོད་ཀྱི་ལོ་གསར་ཡིན། ཉིན་དེ་ནི་ལོ་རྙིང་བ་ཕར་ལ་བསྐྱལ་ཏེ་ལོ་གསར་བ་ཚུར་ལ་བསུ་བའི་བཀྲ་ཤིས་པའི་ཉིན་མོ་ཡིན་པས། རྟེན་འབྲེལ་གྱི་ཐོག་མ་དང་རེ་ལྟོས་ཀྱི་གཞི་མ་ཡིན། ཉིན་འདི་བོད་མི་རྣམས་ཀྱིས་ཟས་གང་ལེགས་ཀྱིས་སྡེར་ཁ་བཤམས་པ་དང་། གོས་གང་ཡག་གིས་རྒྱན་སྤྲས། རྣ་ལ་སྙན་བའི་བཀྲ་ཤིས་བསྟོད་གླུ་ལེན། སྟངས་སྟབས་སྣ་ཚོགས་ཀྱིས་གར་འཁྲབ་སྟེ། བཀྲ་ཤིས་སྐར་བཟང་གི་ཉིན་མོ་འདིར་རྟེན་འབྲེལ་ཞུས་པ་རེད།དེ་བས། ངས་འདི་ནས་ཚང་མ་ལ་ལོ་གསར་པའི་ནང་ལ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་དྲོ་སྐུ་ཁམས་བཟང་། ལུས་ལ་བདེ་ཐང་ཡོང་བ་དང་། ཐུགས་ལ་སྡུག་བསྔལ་མེད་པའི་ཁ་གཡང་རྟེན་འབྲེལ་ཞུ་བ་ཡིན་ནོ།། ཚང་མ་ལོ་གསར་བཟང་།
ལོ་གསར་བཟང་། ✔མེ་ཁོལ། བརྒྱུད་རིམ་ཞིག་སྟེ དེ་ནི་འདས་སོང་བའི་ལོ་རྙིང་དེ ནམ་ཟླ་ནི་ཇི་འདྲའི་འགྱུར་བག་སྐྱེན་པ་ལ འུ་ཚོ་བྲེལ་འཚུབ་འུར་འུར་ཞིག་གིས་བདས་སོང བཞུད་ཟིན་པའི་ནམ་ཟླ་ནང ཁྱེད་རང་དཔངས་མཐོ་བའི་བློ་སྤོབས་རྒུད་མྱོང་ཨེ་ཡོད ཁྱེད་རང་ཐོབ་ཤོར་ག་ཚོད་ཀྱིས་གཙེས་བྱུང་བར་དྲན་ནམ ཁྱེད་རང་དགའ་སྐྱོ་ག་ཙམ་གྱིས་ཀློང་ནས་བཞུད་ཡོང་བར་དྲན་ནམ ཁྱེད་རང་རྒྱལ་ཕམ་ཇི་ཙམ་གྱིས་ཁྲོད་ནས་ལྡིང་ཡོང་བར་དྲན་ནམ ངས་ཕྱི་དྲན་གྱི་ཁྲོད་ནས་ལོ་འགོ་མ་བསུ་བའི་སྟ་གོན་བགྱིས་ཡོད དེ་བས་“ ལོ་གསར”་ནི མ་འོངས་བའི་ནམ་ཟླ་ནང་གི་འགྲུལ་བཞུད་ཀྱི་སྟ་གོན་ཡིན མ་འོངས་བའི་བགྲོད་ལམ་དུ་ཕྱྭ་གཡང་ཁུག་པའི་སྨོན་ལམ་གྱི་ཐོག་མ་ཡིན ལོ་གསར་བསུ ལོ་གཡང་བསུ སྐྱིད་ཀྱི་གནམ་ལོ་གསར་བ་ཁ་གཡང་དང་རྟེན་འབྲེལ་གྱིས་བསུ ང་དང་ཁྱེད་ཀྱི་བློ་སྤོབས་དང་ཡིད་ཆེས་ཀྱིས་བསུ ཁྱེད་དང་ང་ཡི་རེ་ཞགས་དང་འབད་འབུངས་ཀྱིས་བསུ འུ་ཚོའི་ང་རྒྱལ་གྱིས་བསྲིང་བའི་དཔུང་གདང་གིས་བསུ འུ་ཚོའི་མཛའ་བརྩེ་ཡིས་དཔྱངས་པའི་གཟི་བྱིན་གྱིས་བསུ ཁྱེད་ཀྱིས་འདས་སོང་གི་དྲན་གདུང་མོག་པོར་རྨི་ལམ་བཞིན་དུ་སོམས་དང ངས་ཁྱེད་ཀྱི་སེམས་ཤུགས་ལ་སེམས་ཀྱི་དཔུང་བས་བཏེགས་ཡོད། ཁྱེད་ཀྱིས་ཞུམ་པ་མི་སྲིད་པའི་སྙིང་སྟོབས་ཀྱི་རི་བོ་བརྟན་པོར་གྱིིས་དང ངས་བློ་གཏད་ཀྱི་རྒྱབ་རི་སྨུག་པོ་དེར་ང་རྒྱལ་གྱི་བ་དན་སྒྲེང་དགོས་ཨང་། ལོ་གསར་བསུ ལོ་གཡང་བསུ སྨོན་ལམ་གྱིས་བཏགས་པའི་ང་དང་ཁྱེད་ཀྱི་ལོ་གསར་བསུ རེ་བ་ཡིས་འཐེན་པའི་འུ་ཚང་གི་གནམ་ལོ་བསུ ང་ཚོའི་དུངས་ཞེན་གྱིས་སྦྲེལ་བའི་ན་ཟླའི་ལོ་གཡང་བསུ ལོ་གསར་བསུ ལོ་གཡང་བསུ དགོ་དགོ་ངག་གི་སྙན་འཇེབས་དབྱངས་ཀྱིས་བསུ ཞལ་ཁྱིམ་གོར་མོའི་འཛུམ་གྱི་ཟླ་བས་བསུ ཤིས་གཡང་འབོད་པའི་དབྱངས་རྟ་རིང་མོས་བསུ ཁྱེད་ཀྱི་ངག་གི་གཞུང་རྟ་མཐོ་རུ་གྱེར་དང་ ངས་བཀྲ་ཤིས་པའི་ཁ་གཡང་སེམས་པས་སྤྲིངས་ཡོད ཁྱེད་ཀྱིས་དྲིན་ཕ་ཁུ་ཡི་ངོ་མཚར་གཏམ་རྒྱུད་གདངས་སུ་བརྒྱུས་དང ངས་ཁྱེད་ཀྱི་གདངས་དབྱངས་ལ་སྙན་པའི་རམ་འདེགས་སྟོབས་ཡོང ཁྱེད་ཀྱིས་མ་སྲིང་མོའི་གཤིས་བྱམས་ལ་ངག་གི་མེ་ཏོག་གཏོར་དང ངས་ཁྱེད་ཀྱི་ངག་གི་འགྱུར་ཁུག་ལ་ཡི་རང་གི་བརྡ་ལེན་སྐུར་ཡོང ལོ་གསར་བསུ ལོ་གཡང་བསུ སྐྱིད་ཀྱི་གནམ་ལོ་བསུ བྱ་བ་ལམ་འགྲོ་ཡོང་བའི་ལོ་གསར་བསུ :::::::::::::::::::::::::::::::::::::::::::::::::::::::::::::::::::::::::::::::::::::::::::::::::སྟོང་ལོ་བཅོ་བརྒྱད་པའི་ལོ་གསར་གྱི་དུས་སྟོན་དུ་ཡུལ་གྱི་ཁ་བྱང་གཅིག་པའི་ཤིས་བརྗོད་ཚོམས་བུ།
【收到不支持的消息类型,暂无法显示】
展开阅读全文