རོང་࿐རིགས་རལ།
+ 关注 已关注 相互关注
8月21日 2017

༈ རང་རྒྱུད་པའི་ལུགས་ལ་དགག་བྱ་བདེན་གྲུབ་དབང་ཤེས་ལ་སྣང་མི་སྣང་སྐོར་དོགས་དཔྱོད། རྩོམ་པ་པོ། སེར་ལྷོ་རྒྱལ་བསྟན་ཆོས་ཚོགས།

༄༅། །རང་རྒྱུད་པའི་ལུགས་ལ་དགག་བྱ་བདེན་གྲུབ་དབང་ཤེས་ལ་སྣང་མིན་དོགས་དཔྱོད་རྨོངས་པའི་དྲ་བ་གཅོད་པའི་རལ་གྲི་ཞེས་བྱ་བ་བཞུགས་སོ། ། སྐུ་བཞིའི་བདག་ཉིད་རྫོགས་པའི་སངས་རྒྱས་དང་། ། ཉོན་མོངས་སྐྱོན་གྱིས་མ་བསླད་དམ་པའི་ཆོས། ། བསླུ་མེད་སྐྱབས་གནས་འཕགས་ཚོགས་དགེ་འདུན་ཏེ། ། དཀོན་མཆོག་རིན་ཆེན་རྣམ་གསུམ་གཙུག་གིས་མཆོད། ། མཁས་པའི་ཡོན་ཏན་རིག་པའི་གནས་ཀུན་རྫོགས། ། བཙུན་པའི་ཡོན་ཏན་འདུལ་བའི་མངའ་བདག་ཆེ། ། བཟང་པོའི་ཡོན་ཏན་འགྲོ་དྲུག་སྙིང་བརྩེ་ཅན། ། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ་རྒྱལ། ། མདོ་སྔགས་ལུང་གི་ཆུ་འཛིན་ཀུན་ནས་འཁྲིགས། ། དྲི་མེད་རིགས་པའི་གློག་ཞགས་ཆེས་ཆེར་འཁྱུག ། མཁྱེན་བརྩེའི་བློ་གྲོས་གཡོ་བྱེད་དྲག་ཏུ་ལྡང་། ། ཆོས་ཆར་འབེབས་མཛད་ཆོ༷ས་ཀྱི༷་རྒྱ༷ལ་མཚ༷ན་རྒྱལ། ། མདོ་སྔགས་རབ་འབྱམས་པཎ་ཆེན་བསོད་ནམས་གྲགས། ། མཁས་དང་གྲུབ་པའི་དབང་ཕྱུག་བསྟན་དར་བ། ། ཤེས་བྱའི་ཆོས་ཀུན་མཁྱེན་པ་འཇམ་བཞད་ཞབས། ། དགེ་ལྡན་བསྟན་པའི་སྲོལ་འཛིན་ཆེ་རྣམས་འདུད། ། རང་རྒྱུད་གྲུབ་མཐའི་གཞུང་ལུགས་རྒྱ་མཚོ་ལ།། ལུང་རིགས་གཟིངས་དང་སྐྱ་བས་རབ་བསྐྱོད་དེ། ། དོན་དམ་དཔྱོད་བྱེད་རིགས་པའི་དགག་བྱ་དེ། ། དབང་པོའི་ཤེས་པར་སྣང་མིན་འཆད་ལ་སྤྲོ། །

ཞེས་བསྟོད་ཕྱག་གིས་ལམ་ཡངས་པོར་ཕྱེས་ཏེ། དེ་ཡང་སྐབས་དོན་བརྗོད་པར་བྱ་བ་ནི། རྗེ་བདག་ཉིད་ཆེན་པོའི་དགོངས་པ་རབ་གསལ་ལས། བདེན་འཛིན་དེ་ལས་བྱུང་བའི་ཕྱིར་བདེན་འཛིན་དེས་བདེན་པར་ཡོད་པ་ལྟར་ཉེ་བར་བསྟན་པ་མཐོང་བ་ནི་རྟོག་པ་ཡིན་གྱི་དབང་ཤེས་མིན་ཏེ། བདེན་གཉིས་ཀྱི་འགྲེལ་པར་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བར་བཤད་པ་འདིར་ཡང་འདྲ་བའི་ཕྱིར་རོ། །ཞེས་བདེན་གཉིས་འགྲེལ་བར་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བར་བཤད་པར་གསུངས་པའི་དོན་ནི་འདིར་གང་བཤད་པར་བྱ་བའི་ཆོས་སོ། །དེ་ཡང་བདེན་གཉིས་རང་འགྲེལ་ནི་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་ན་སློབ་དཔོན་འདི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཡིན་པས་དེའི་ལུགས་ལ་དགག་བྱ་བདེན་གྲུབ་དབང་ཤེས་ལ་མི་སྣང་བའི་ཚུལ་དང་། དེ་དང་ལུགས་འདིར་འདྲ་བར་གསུངས་པའི་དོན་བཤད་པའོ། །འདིར་ཞེས་པ་ནི་གོང་དེར་དགོངས་པ་རབ་གསལ་ལས་དབུ་མ་སྣང་བའི་ལུང་དོན་བཀྲལ་བའི་སྐབས་ཡིན་ན་དབུ་མ་སྣང་བ་མཛད་པོ་ནི་སློབ་དཔོན་ཀ་མ་ལ་ཤི་ལ་དེ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཡིན་པས་དེའི་ལུགས་ཡིན་པ་སྐབས་ལས་སོ། །དེ་ཡང་རྗེའི་རྗེས་འཇུག་གི་ལུགས་འཛིན་ཆེན་པོ་རྣམས་ཀྱིས་དགག་བྱ་བདེན་པ་དབང་ཤེས་ལ་སྣང་མི་སྣང་བའི་ཚུལ་གཉིས་བཤད་པར་སྣང་བས། དེ་ལ་རྗེ་བདག་ཉིད་ཆེན་པོའི་བདེན་གཉིས་འགྲེལ་བར་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བར་གསུངས་པའི་ཚུལ་ཇི་ལྟར་ཡིན་མིན་གསལ་བར་འཆད་པ་ལ། བདེན་གཉིས་རང་འགྲེལ་གྱི་གཞུང་སྔ་ཕྱི་གཉིས་ངོས་བཟུང་བ་དང་། ཞར་ལ་དེའི་དོན་ལོག་རྟོག་དགག་པ། རྗེའི་ལུགས་འཛིན་དག་གི་ཇི་ལྟར་བཞེད་པའི་ཚུལ། ཁྱད་པར་དུ་རྗེ་བཙུན་ཆོས་རྒྱན་གྱི་ཇི་ལྟར་བཞེད་པ། དགག་བྱ་བདེན་པ་དབང་ཤེས་ལ་སྣང་མིན་གྱི་དོན་བཤད་པ་དང་ལྔ་ལས།

དང་པོ་ལ་གཞུང་སྔ་མ་དང་ཕྱི་མ་གཉིས་ལས། དང་པོ་ལ། བཤད་བྱའི་ལུང་འགོད། ལུང་དེའི་དོན་བཤད་པ། ལུང་དོན་དེ་ལྟར་ཡིན་པའི་ཤེས་བྱེད་སྦྱར་བའོ། །དང་པོ་ནི། བདེན་གཉིས་ལས། བརྟགས་པའི་དོན་གྱིས་དབེན་གྱུར་པ། །ཞེས་སོགས་ཀྱི་རང་འགྲེལ་ལས། བརྟགས་པའི་དོན་ནི་ཡང་དག་པར་སྐྱེ་བ་ལ་སོགས་པ་དང་། རྣམ་པར་ཤེས་པ་སྣང་བ་དང་། གཙོ་བོ་དང་འབྱུང་བའི་ཡོངས་སུ་འགྱུར་བ་ལ་སོགས་པ་སྟེ། དེ་དག་གིས་དབེན་པའོ། །དངོས་པོ་ཙམ་གང་ཡིན་པ་ནི་ཇི་ལྟར་སྣང་བ་བཞིན་དོན་བྱེད་ནུས་པའི་ཕྱིར་རོ། །རྒྱུ་དང་རྐྱེན་རྣམས་ལ་བརྟེན་ནས་སྐྱེས་པ་དེ་ནི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་བྱིས་པ་ཡན་ཆད་ཀྱི་ཤེས་པ་ལ་མཐུན་པར་དོན་ཇི་སྙེད་རྒྱུ་ལས་སྣང་བ་དེ་ནི་ཡང་དག་ཀུན་རྫོབ་ཏུ་ཡིན་པར་རིགས་པར་བྱ་སྟེ། ཤེས་པ་ལ་སྣང་བ་མཐུན་པར་དངོས་པོ་ལ་གནས་པའི་ཕྱིར་རོ། །ཡང་དག་པའི་སྐྱེ་བ་ལ་སོགས་པ་ནི་མི་སྣང་སྟེ། ཇི་ལྟ་བུར་ཡང་རུང་བའམ། གྲུབ་པའི་མཐའ་ལ་བརྟེན་ནས་སྒྲོ་བཏགས་པ་འབའ་ཞིག་ཏུ་ཟད་དོ། །ཞེས་གསུངས་སོ། ། གཉིས་པ་ནི། དེའི་དོན་ནི། དེ་ཡང་སྒྲོ་བརྟགས་པའི་དོན་ནི་ཡང་དག་པར་སྐྱེ་བ་དང་སོགས་པས་སྒྲས་ནི་ཡང་དག་པའི་འགག་པ་སོགས་བསྟན་ཏོ། །སེམས་ཙམ་པས་ཡང་དག་པར་བཏགས་པའི་རྣམ་པར་ཤེས་པ་ལ་སྣང་ཙམ་གྱི་དོན་དང་། གྲངས་ཅན་གྱིས་ཡང་དག་པར་བཏགས་པའི་སྤྱི་གཙོ་བོ་དང་། ཡང་དག་པར་བཏགས་པའི་འབྱུང་བའི་ཡོངས་སུ་འགྱུར་བའི་སེམས་དང་སོགས་པས་ནི་འབྱུང་བའི་ཡོངས་སུ་འགྱུར་བའི་སྐྱེས་བུ་བསྡུའོ། །དེ་དག་ནི་སྒྲོ་འདོགས་ཀུན་བཏགས་ཀྱིས་བཏགས་པས་དབེན་པ་སྟེ་མེད་པས་ལོག་པའི་ཀུན་རྫོབ་བོ། །དངོས་པོ་ཙམ་སྟེ་བུམ་སོགས་ནི་ཡང་དག་ཀུན་རྫོབ་ཡིན་ཏེ། སྣང་བ་ལྟར་བུམ་པའི་དོན་བྱེད་པའི་ཕྱིར། དེ་ཡང་སྣང་དུ་འདྲ་ཡང་དོན་བྱེད་དག་ཞེས་སོགས་ཀྱི་དོན་དང་འདྲའོ། །རྒྱུ་རྐྱེན་ལ་བརྟེན་ནས་སྐྱེས་པས་ཀྱང་བུམ་སོགས་དེ་དག་ཡང་དག་ཀུན་རྫོབ་ཏུ་ངེས་ཏེ། མིག་དང་དབང་པོ་སོགས་ཚོགས་པ་ལ་བརྟེན་ནས་སྣང་བས་འདི་དོན་དམ་པའི་སྐྱེ་བ་དང་སྤྱི་གཙོ་བོ་སོགས་དང་དངོས་པོ་ཙམ་གཉིས་ཡང་དག་ཀུན་རྫོབ་ཡིན་མིན་ལ་རྩོད་པའི་སྐབས་ཀྱི་དོན་ནོ། །དེའི་རྒྱུ་མཚན་བྱིས་པ་ནས་མཁས་པ་མན་གྱི་ཤེས་པ་ལ་སྣང་བ་ལྟར་དོན་ལ་མི་མཐུན་པ་མེད་པའི་ཕྱིར་རོ། །ཡང་དག་པའི་སྐྱེ་བ་སོགས་ནི་དབང་ཤེས་ལ་མི་སྣང་སྟེ། ཇི་ལྟ་བུར་ཡང་རུང་བ་སྟེ་ཇི་ལྟར་མི་སྣང་ཞེ་ན། ཡང་དག་པའི་སྐྱེ་བ་ནི། ཐོག་མ་མེད་པའི་དུས་ནས་ལོག་པར་ཡོངས་སུ་བཏགས་པའི་དབང་གིས་ཏེ་གྲུབ་མཐས་སྒྲོ་བཏགས་པ་འབའ་ཞིག་ཡིན་པས་སོ། །འདིའི་སྐབས་ཀྱི་དགག་བྱ་དེ་ཡང་དག་པའི་སྐྱེ་བ་དང་འགག་པ་སོགས་ལ་བྱེད་ལ། དེ་ཀུན་བཏགས་པ་ཁོ་ན་སྟེ། དེ་ཉིད་ལས། ཡང་དག་པའི་སྐྱེ་བ་ལ་སོགས་པ་གང་ཡིན་པ་དེ་ནི་རྟོག་པས་བཟོས་སྦྱར་བ་སྟེ། དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་རྟོག་པས་བཟོས་ཞེས་ཀུན་བཏགས་པར་གསུངས། གསུམ་པ་ནི། འདིའི་ཐད་ཀྱི་དཀའ་འགྲེལ་ལས། སོགས་པ་ཞེས་བྱ་བའི་སྒྲ་དང་པོས་ནི་གནས་པ་ལ་སོགས་པ་ཡོངས་སུ་གཟུང་ངོ་། །འོག་མས་ནི་སྐྱེས་བུའི་ཡོངས་སུ་འགྱུར་བ་ལ་སོགས་པ་བསྡུའོ། །ཡང་དག་པར་ཞེས་བྱ་བ་ནི་རེ་རེ་ལ་ཡང་སྦྱར་རོ། །དངོས་པོ་ཙམ་ཉིད་ཀྱི་གཏན་ཚིགས་ནི་དོན་བྱེད་ནུས་པ་སྟེ། འདི་ཡང་ཇི་ལྟར་སྣང་བ་བཞིན་དུ་ཡིན་གྱི་ཡང་དག་པར་ཇི་ལྟ་བ་བཞིན་ནི་མ་ཡིན་ནོ། །རྒྱུ་དང་རྐྱེན་རྣམས་ལ་བརྟེན་ནས་སྐྱེས་པ་ནི། ཇི་ལྟར་སྣང་བ་ཞེས་བྱ་བར་བསྙེགས་སོ། །རྒྱུ་རྣམས་ནི་ཐུན་མོང་མ་ཡིན་པའི་བྱེད་རྒྱུའོ། །རྐྱེན་རྣམས་ནི་ཐུན་མོང་བའོ། །དངོས་སུ་དཔྱད་ན་ནི། རྐྱེན་རྣམས་ཀྱང་རྒྱུ་ཉིད་དོ། །ཅིའི་ཕྱིར་འདི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་ཞེ་ན། འདི་ལྟར་བྱིས་པ་ཡན་ཆད་ཀྱི་ཤེས་པ་ལ་དོན་ཇི་སྙེད་ཅེས་བྱ་བ་སྨྲོས་སོ། །བུམ་པ་ལ་སོགས་པ་ཤེས་པ་ལ་སྣང་བ་དེ་ནི་ཡང་དག་པའི་ཀུན་རྫོབ་ཡིན་པར་རིགས་ཏེ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་སྣང་ཞེ་ན། མཐུན་པར་ཞེས་བྱ་བ་སྨྲོས་སོ། །སུ་དག་དང་མཐུན་ཞེ་ན། བྱིས་པ་ཡན་ཆད་ཅེས་བྱ་བ་སྨོས་ཏེ་མཁས་པ་རྣམས་ནི་བཟུང་སྟེ་བྱིས་པའི་བར་དུ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་འདི་སྐད་དུ་གང་དག་བསྟན་བཅོས་ཀྱིས་བརྟན་པོར་བྱས་པའི་བློ་དང་ལྡན་པ་དེ་དག་ལ་ཡང་ཇི་ལྟར་བྱིས་པ་ལ་སྣང་བ་དེ་བཞིན་བུམ་པ་ལ་སོགས་པ་སྣང་བ་གང་ཡིན་པ་དེ་ནི་ཡང་དག་པའི་ཀུན་རྫོབ་བདེན་པའོ། །བསྟན་བཅོས་ལ་སོགས་པའི་སྟོབས་ཀྱིས་སྒྲོ་བཏགས་པའི་རྣམ་པ་མི་སྣང་བའི་ཚུལ་ཅན་ནི། ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བར་བསྟན་པར་འགྱུར་རོ། །ཇི་ལྟ་བུར་སྣང་ཞེ་ན། རྒྱུ་ལས་ཞེ་བ་བྱ་བ་སྨོས་ཏེ། མིག་ལ་སོགས་པ་ཚོགས་པ་ལས་ཞེས་བྱ་བའི་ཐ་ཚིག་གོ །ལོག་པ་ལ་གོམས་པའི་བག་ཆགས་ཡོངས་སུ་སྨིན་པ་ལས་སམ་བསྟན་བཅོས་ལས་བྱུང་བ་ནི་མ་ཡིན་པར་བསམ་པའོ། །འདིས་ནི་རྒྱུའི་སྟོབས་ཀྱིས་གཟུགས་ལ་སོགས་པ་སྣང་བ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་གྱི་དོན་དམ་པའི་བདེན་པ་ནི་མ་ཡིན་ནོ་ཞེས་དེ་སྟོན་པར་བྱེད་དོ། །ཅིའི་ཕྱིར་འདི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་ཞེ་ན། ཤེས་པ་ལ་སྣང་བ་དང་མཐུན་པར་དངོས་པོ་ལ་གནས་པའི་ཕྱིར་རོ། །ཞེས་བྱ་བ་སྨོས་སོ། །གལ་ཏེ་དེ་ལྟ་ན་སྐྱེ་བ་ལ་སོགས་པའང་ཇི་ལྟར་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པར་མི་འགྱུར་རམ་ཞེ་ན། ཡང་དག་པའི་སྐྱེ་བ་ལ་སོགས་པ་ནི་མི་སྣང་སྟེ། ཞེས་བྱ་བ་སྨྲོས་སོ། །གལ་ཏེ་མི་སྣང་ན་ཇི་ལྟར་སྒྲོ་བཏགས་པ་ཡིན་ཞེ་ན། ཇི་ལྟ་བུའང་རུང་བའམ། གྲུབ་པའི་མཐའ་ལ་བརྟེན་ནས་སྒྲོ་བཏགས་པ་འབའ་ཞིག་ཏུ་ཟད་དོ། །ཞེས་བྱ་བ་སྨོས་སོ། །ཇི་ལྟ་བུའང་རུང་ཞེས་བྱ་བ་ནི། ཐོག་མ་མེད་པའི་དུས་ནས་ལོག་པར་ཡོངས་སུ་བཏགས་པའི་དབང་གིས་ཏེ། དེ་ནི་དེ་ལྟའོ། །དེ་ཡང་དག་མིན་ནི་ཀུན་བརྟགས་ཡིན། །ཀུན་བརྟགས་པ་ཡི་དངོས་པོ་ཞེས་བྱ་བ་ནི་ལྷག་མའོ། །འདི་དགྲོལ་ཕྱིར། ཡང་དག་པར་སྐྱེ་བ་ལ་སོགས་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་སྨོས་སོ། །དེ་ནི་རྟོག་པའི་བཟོས་སྦྱར་བའོ། །ཞེས་བྱ་བ་འདིས་བསྟན་ཏེ། མིག་ལ་སོགས་པ་ཚོགས་ཀྱང་སྣང་བ་མ་ཡིན་ཏེ། དེ་བས་ན་དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །ཞེས་གསུངས་སོ། །

གཉིས་པ་ལ་ཡང་། བཤད་བྱའི་ལུང་འགོད། ལུང་དེའི་དོན་བཤད་པ། དེའི་ཤེས་བྱེད་དོ། །དང་པོ་ནི། བདེན་གཉིས་ལས། སྐྱེ་ལ་སོགས་པའི་རྣམ་པ་གང་། །ཞེས་སོགས་ཀྱི་ཐད་ཀྱི་རང་འགྲེལ་ལས། གང་ཡང་གཟུགས་ལ་སོགས་པ་སྣང་བ་དང་ལྡན་པའི་ཤེས་པ་ལ་མི་སྣང་བའི་རྣམ་པ་ཡང་དག་པར་སྐྱེ་བ་དང་། རྣམ་པར་ཤེས་པ་སྣང་བ་དང་། གཙོ་བོ་དང་ཡོངས་སུ་འགྱུར་བ་ལ་སོགས་པ་བསྟན་བཅོས་ལ་སོགས་པ་ལ་བརྟེན་ནས་ཡོངས་སུ་བརྟགས་པ་འདི་འབའ་ཞིག་འགོག་པར་བྱེད་དེ། དེ་བཀག་པ་མངོན་སུམ་ལ་སོགས་པའི་གནོད་པ་མི་འཇུག་པ་ཁོ་ནའོ། །སོགས་པ་སྨྲོས་པ་ནི་ཡོད་པ་ཉིད་ལ་སོགས་པ་ཡོངས་སུ་བསྡུ་བའོ། །ཞེས་སོ། །གཉིས་པ་ནི། སྔར་གོང་དུ་བཤད་པ་ལྟར་ཕྱི་རོལ་པའམ་སེམས་ཙམ་པ་སོགས་ཀྱི་གྲུབ་མཐས་སྒྲོ་བཏགས་པ་འབའ་ཞིག་འགོག་པར་གསུངས་པས་འབའ་ཞིག་ཅེས་པ་ནི་ཁོ་ན་ཞེས་པ་ཡིན་པས་འདིར་དངོས་སུ་འགོག་རྒྱུའི་དགག་བྱ་ཕྲ་མོ་ནི་ཀུན་བཏགས་ཀྱི་དགག་བྱའོ། །དེ་ཡང་དཀའ་འགྲེལ་ལས། འོ་ན་ཅི་འགོག་སྙམ་པ་ལ་བཤད་པ། རྣམ་པ་གང་སྣང་བ་མིན་ལ། སྨྲ་བ་གཞན་གྱིས་ཡོངས་སུ་བརྟགས་པ་དེ་ཉིད་འགོག་ཅེས་བྱ་བར་སྦྱར་རོ། །ཞེས་ཀུན་བཏགས་པ་ཉིད་འགོག་ཅེས་ཁོ་ནའི་ཚིག་སྨྲོས་པས་ཀྱང་གོ་བར་ཟད་དོ། །གཞན་ཡང་བསྟན་བཅོས་ལ་སོགས་པ་ལ་བརྟེན་ནས་ཞེས་བསྟན་བཅོས་ལས་རྒྱུ་མཚན་ལྟར་སྣང་དང་སོགས་ཁོངས་ནས་གྲོགས་ངན་པ་དང་། གྲུབ་མཐའ་ངན་པ་དག་འཇོག་པ་ལས་ལྷན་སྐྱེས་ཀྱིས་བཟུང་བའི་དགག་བྱ་ཟུར་ཙམ་ཡང་མ་གསུངས་པའི་ཕྱིར། དེ་ཡང་དཀའ་འགྲེལ་ལས། གྲོགས་པོ་ངན་པ་ལ་བརྟེན་པ་དང་། ལོག་པ་ལ་གོམས་པའི་བག་ཆགས་ཐོག་མ་མེད་པའི་དུས་ཅན་ལ་བརྟེན་པ་ཡང་བཟུང་ངོ་། །ཞེས་གྲོགས་ངན་དང་ལོག་པ་ལ་གོམས་པའི་བག་ཆགས་ནི་ཀུན་བཏགས་པའི་བག་ཆགས་ལ་བྱའོ། །བག་ཆགས་དེ་ཡང་ཐོག་མ་མེད་པའི་དུས་ཅན་ལ་བརྟེན་པར་གསུངས་པ་ནི་ཀུན་བཏགས་ཀྱི་བག་ཆགས་དེ་ཐོག་མ་མེད་པའི་དུས་ཅན་ལྷན་སྐྱེས་ཀྱི་བདེན་འཛིན་ལ་བརྟེན་པ་ཡིན་གྱི་ཀུན་བཏགས་དེ་ཐོག་མ་མེད་པའི་དུས་ཅན་ཡིན་པའི་དོན་མིན་ནོ། །གཞན་ཡང་དཀའ་འགྲེལ་དུ། འདིར་ནི་དེ་ལྟ་བུའི་ཇི་སྐད་སྨོས་པའི་རྣམ་པས་བརྟགས་པ་ཁོ་ན་སྟེ། མི་སྣང་བ་ལ་ཡང་དག་པར་སྐྱེ་བ་ལ་སོགས་པར་རྟོག་པས་སྒྲོ་བཏགས་པ་ཁོ་ན་དགག་པར་རིགས་ཏེ། ཞེས་ལོག་པར་རྟོག་པས་སྒྲོ་བཏགས་པ་ཁོ་ན་འགོག་པར་གསུངས་སོ། །གསུམ་པ་ནི། འདིའི་ཐད་ཀྱི་དཀའ་འགྲེལ་ལས། གལ་ཏེ་སྣང་བའི་ངོ་བོ་གང་ཡིན་པ་དེ་མི་འགོག་ན། འོ་ན་ཅི་འགོག་སྙམ་པ་ལ་བཤད་པ། རྣམ་པ་གང་སྣང་བ་མིན་ལ། སྨྲ་བ་གཞན་གྱིས་ཡོངས་སུ་བརྟགས་པ་དེ་ཉིད་འགོག་ཅེས་བྱ་བར་སྦྱར་རོ། །དེ་ཡང་ནི་ཞེས་བྱ་བ་ནི་དམིགས་ཀྱིས་བསལ་བའོ། །རྣམ་པ་གང་ཡིན་སྙམ་པ་ལ་ཡང་དག་པར་ཞེས་བྱ་བ་སོགས་པར། ཞེས་བྱ་བ་སྨོས་སོ། །དེ་གང་ཡིན་སྙམ་པ་ལ། སྐྱེ་བ་ལ་སོགས་པ་ཞེས་བྱ་བ་སྨོས་སོ། །གང་ཡང་ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་བ་ཁོང་དུ་ཆུད་སླའོ། །བསྟན་བཅོས་ལ་སོགས་པ་ལ་བརྟེན་ནས། ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི། གྲོགས་པོ་ངན་པ་ལ་བརྟེན་པ་དང་། ལོག་པ་ལ་གོམས་པའི་བག་ཆགས་ཐོག་མ་མེད་པའི་དུས་ཅན་ལ་བརྟེན་པ་ཡང་བཟུང་ངོ་། །ཅིའི་ཕྱིར་དེ་ཉིད་འགོག་སྙམ་པ་ལ། དེ་བཀག་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་རིགས་པས་སྨྲ་བའི་ལྟར་ན། འདིར་ནི་དེ་ལྟ་བུའི་ཇི་སྐད་སྨོས་པའི་རྣམ་པས་བརྟགས་པ་ཁོ་ན་སྟེ།མི་སྣང་བ་ལ་ཡང་དག་པར་སྐྱེ་བ་ལ་སོགས་པར་རྟོག་པས་སྒྲོ་བཏགས་པ་ཁོ་ན་དགག་པར་རིགས་ཏེ། རིགས་པ་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་སོ། །དེས་ན་འགྲེལ་བ་འདི་དག་ལས་ནི་དངོས་སུ་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བའི་དགག་བྱ་ཕྲ་མོ་དེ་རིགས་ངོའི་དགག་བྱ་ཉིད་ལ་འཇོག་དགོས་པ་ཤིན་ཏུ་གསལ་བས་ཀུན་མཁྱེན་འཇམ་དབྱངས་བཞད་པས་དོན་འདི་ལ་དགོངས་ནས་ཀྱང་རིགས་ངོའི་དགག་བྱ་ལ་སྦྱོར་བ་ཡིན་ནམ་སྙམ་མོ། །འགྲེལ་བ་འདི་དག་ལས་ནི་ལྷན་སྐྱེས་ཀྱིས་བཟུང་བའི་དགག་བྱ་བདེན་གྲུབ་དབང་ཤེས་ལ་མི་སྣང་བ་དངོས་སུ་གསུངས་པ་མི་སྣང་ངོ་། །ཚིག་དོན་བཀྲལ་ཚུལ་འདི་ཞི་བ་འཚོའི་དཀའ་འགྲེལ་ལྟར་རོ། །འདི་དབུ་མ་རྒྱན་རྩོམ་མཁན་དེ་མིན་པར་དྲང་ངེས་རྣམ་འབྱེད་ལས་གསུངས་པ་ལྟར་རོ། །འདིར་རང་འགྲེལ་དང་དཀའ་འགྲེལ་གཉིས་ཀ་དྲངས་པ་ནི་བཤད་པ་ཁུངས་བཙན་པའི་ཆེད་དུའོ། །

གཉིས་པ། ཞར་ལ་ལོག་རྟོག་དགག་པ་ནི། འགའ་ཤས་ཀྱིས་འགྲེལ་བར། ཡང་ཇི་ལྟ་བུར་ཡང་རུང་། ཞེས་དང་། དེའི་དཀའ་འགྲེལ་ལས། ཇི་ལྟ་བུའང་རུང་ཞེས་བྱ་བ་ནི། ཐོག་མ་མེད་པའི་དུས་ནས་ལོག་པར་ཡོངས་སུ་བཏགས་པའི་དབང་གིས་ཏེ། དེ་ནི་དེ་ལྟའོ། །ཞེས་པ་འདི་ལ་བསམ་ནས་འདིར་དགག་བྱ་བདེན་པ་མི་སྣང་བ་དངོས་སུ་གསུངས་པའི་དགག་བྱ་དེ་ལྷན་སྐྱེས་ཀྱིས་བཟུང་བའི་དགག་བྱ་ཡིན་པར་བཤད་པ་ནི། མི་འཐད་དེ། འདི་ལྟར། དེ་ནི་ཡང་དག་པའི་སྐྱེ་བ་སོགས་ཇི་ལྟར་མི་སྣང་ཞེས་པའི་ལན་དུ། གྲུབ་མཐས་ཀུན་བཏགས་པ་ཁོ་ནའོ། །དེ་ཡང་ཇི་ལྟ་བུར་སྒྲོ་བཏགས་ཤེ་ན། ཐོག་མ་མེད་པའི་དུས་ནས་ལོག་པར་ཡོངས་སུ་བཏགས་པའི་དབང་གིས་ཏེ་གྲུབ་མཐས་རྒྱུད་བསླད་པའི་ཡང་དག་པའི་སྐྱེ་བ་དེ་ནི་དེ་ལྟར་དུའོ། །ཞེས་སོ། །དེ་ཡང་དཀའ་འགྲེལ་ལས། གལ་ཏེ་དེ་ལྟ་ན་སྐྱེ་བ་ལ་སོགས་པའང་ཇི་ལྟར་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པར་མི་འགྱུར་རམ་ཞེ་ན། ཡང་དག་པའི་སྐྱེ་བ་ལ་སོགས་པ་ནི་མི་སྣང་སྟེ། ཞེས་བྱ་བ་སྨྲོས་སོ། །གལ་ཏེ་མི་སྣང་ན་ཇི་ལྟར་སྒྲོ་བཏགས་པ་ཡིན་ཞེ་ན། ཇི་ལྟ་བུའང་རུང་བའམ། གྲུབ་པའི་མཐའ་ལ་བརྟེན་ནས་སྒྲོ་བཏགས་པ་འབའ་ཞིག་ཏུ་ཟད་དོ། །ཞེས་བྱ་བ་སྨོས་སོ། །ཇི་ལྟ་བུའང་རུང་ཞེས་བྱ་བ་ནི། ཐོག་མ་མེད་པའི་དུས་ནས་ལོག་པར་ཡོངས་སུ་བཏགས་པའི་དབང་གིས་ཏེ། དེ་ནི་དེ་ལྟའོ། །ཞེས་གྲུབ་མཐས་བཏགས་པ་ལ་གསལ་བར་གསུངས་སོ། །འོན་ཀྱང་འདིས་དངོས་བསྟན་ལ་དགག་བྱ་བདེན་པ་དེ་ལྷན་སྐྱེས་ཀྱིས་བཟུང་བའི་དགག་བྱ་འོང་ས་མེད་ཀྱང་། ཤུགས་བསྟན་ལ་དེ་ཡོད་པར་མངོན་ཏེ། དེ་ཡང་ཐོག་མ་མེད་པའི་དུས་ནས་ལོག་པར་ཡོངས་སུ་བཏགས་པའི་དབང་གིས་ཏེ་གྲུབ་མཐས་རྒྱུད་བསླད་པ་ལས་ཡང་དག་པའི་སྐྱེ་བ་དེ་ནི་དེ་ལྟར་དུའོ་ཞེས་པའི་ཤུགས་ཀྱིས་ཐོག་མ་མེད་པའི་དུས་ནས་ལོག་པར་ཡོངས་སུ་བཟུང་བའི་ལྷན་སྐྱེས་ཀྱིས་བཏགས་པའི་བདག་དེ་ཡང་དེས་ཉེ་བར་བཏགས་པ་ཡིན་པས་དབང་ཤེས་ལ་མི་སྣང་བར་གསལ་པོར་གོ་བར་འགྱུར་བས་བདེན་གཉིས་འགྲེལ་བའི་དངོས་ཤུགས་ཀྱི་བསྟན་བྱ་དགག་བྱ་ཕྲ་མོ་གང་ཡིན་ཀུན་དབང་ཤེས་ལ་མི་སྣང་བར་ཤེས་པས། དོན་འདི་ལ་དགོངས་ནས་རྒྱལ་ཚབ་ཆོས་རྗེས་བདེན་གཉིས་དར་ཊཱིཀ་ཏུ་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བར་བདེན་གཉིས་འདིར་གསལ་བར་བཤད་ཅེས་གསུངས་སོ། །ཁ་ཅིག་དེ་མི་འཐད་དེ། བདེན་གཉིས་འགྲེལ་བར་ལྷན་སྐྱེས་ཀྱིས་བཟུང་བའི་དགག་བྱ་དབང་ཤེས་ལ་མི་སྣང་བར་ཤུགས་ལ་བསྟན་ན་རྒྱལ་ཚབ་རྗེའི་གཞུང་ལས་གསལ་བར་བསྟན་ཞེས་གསུངས་པ་དང་མི་འགྲིག་བའི་ཕྱིར་ཞེ་ན། མིན་ཏེ། གསལ་བར་བསྟན་པ་ལ་དངོས་བསྟན་མི་དགོས་ཏེ། དབུ་མ་སྣང་བས་དགག་བྱའི་གྲུབ་ཚད་གསལ་བར་བསྟན་ཀྱང་དེ་ཤུགས་བསྟན་ཡིན་པས་སོ། །གསལ་བར་བསྟན་ཏེ། ཊཱིག་ཆེན་ལས། རང་རྒྱུད་པའི་གཞུང་ཁུངས་ཐུབ་གཞན་ལས་དགག་བྱ་ངོས་འཛིན་གསལ་བར་མི་འབྱུང་ལ། ཞེས་དབུ་མ་སྣང་བས་དགག་བྱའི་གྲུབ་ཚད་གསལ་བར་བསྟན་པ་གསུངས་སོ། །དེས་ན་གསལ་བར་བསྟན་ཞེས་པ་ནི་དངོས་ཤུགས་ཀྱི་བསྟན་བྱའི་དོན་མིན་པར་དོན་དེ་བདེ་བླག་ཏུ་གོ་བར་ནུས་ན་གསལ་བར་བསྟན་པའོ། །

གསུམ་པ། རྗེའི་ལུགས་འཛིན་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཞེད་པའི་ཚུལ་འགོད་པ་ལ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ་དགག་བྱ་བདེན་པ་དབང་ཤེས་ལ་སྣང་མི་སྣང་གི་ཚུལ་གསལ་བར་མ་གསུངས་པས་དེ་ལ་བརྟེན་ནས་དེའི་རྗེས་འབྲང་དག་ལ་དགག་བྱ་བདེན་པ་དབང་ཤེས་ལ་སྣང་མི་སྣང་ཀྱི་ཕྱོགས་གཉིས་སུ་འཛིན་པ་བྱུང་བས་རྒྱས་པར་དཀྱུས་ན་གསལ་ལོ། །པཎ་ཆེན་བསོད་ནམས་གྲགས་པའི་བཞེད་པ་ནི། དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བར་བཞེད་དེ། དེ་ཉིད་ཀྱིས་མཛད་པའི་དབུ་མའི་སྤྱི་དོན་ལས། དེ་ལྟ་ནའང་གོང་དུ་དེས་ཉེ་བར་བསྟན་པ་མཐོང་ཞེས་པའི་མཐོང་པ་པོ་ནི་རྟོག་པ་ཁོ་ན་ཡིན་ཏེ། ཡེ་ཤེས་སྙིང་པོས་དགག་བྱ་བདེན་གྲུབ་རྟོག་མེད་དབང་ཤེས་ལ་མི་སྣང་བར་བཤད་པ་ཞི་འཚོ་དཔོན་སློབ་ཀྱི་ལུགས་འདིར་ཡང་འདྲ་བའི་ཕྱིར། ཞེས་དང་ཡུམ་དོན་གསལ་བའི་སྒྲོན་མེ་ལས་ཀྱང་དེ་བཞིན་དུ་གསུངས་ཀྱང་མི་སྣང་བའི་ཚུལ་གསལ་པོར་གསུངས་པ་མི་སྣང་ངོ་། །མཁས་གྲུབ་ཆེན་པོ་བསྟན་པ་དར་རྒྱས་མཆོག་གིས་ཀྱང་མི་སྣང་བར་བཞེད་དེ། དེ་ཉིད་མཛད་པའི་ཕར་ཕྱིན་བདེན་གཉིས་མཐའ་དཔྱོད་ལས། ཁ་ཅིག བུམ་པ་དེ་ཚུར་མཐོང་གི་རྒྱུད་ཀྱི་བུམ་འཛིན་དབང་པོ་མངོན་སུམ་ལ་བདེན་པར་སྣང་ཡང་དོན་ལ་བདེན་པར་མ་གྲུབ་པའི་རྒྱུ་མཚན་གྱིས་དེ་ལ་ཀུན་རྫོབ་བདེན་པ་ཞེས་བཤད་པ་ཡིན་པའི་ཕྱིར་ཟེར་ན། དེ་མི་འཐད་དེ། དབང་ཤེས་ལ་བདེན་གྲུབ་མི་སྣང་བའི་ཕྱིར། དེར་ཐལ། དབང་ཤེས་ལ་དོན་དམ་ལ་དཔྱོད་པའི་རྟགས་ཡང་དག་གི་དགག་བྱ་མཐར་ཐུག་མི་སྣང་བའི་ཕྱིར། དེར་ཐལ། ཡང་དག་ཀུན་རྫོབ་གཞི་གྲུབ་པའི་ཕྱིར། ཞེས་གསུངས་པ་འདི་ལས་དབུ་མ་རང་རྒྱུད་པའི་དགག་བྱ་ངོས་བཟུང་བའི་སྐབས་སུ་གསུངས་པ་མི་སྣང་བས་བདེན་པར་མི་སྣང་བའི་ཚུལ་ཡང་གསལ་པོར་མ་གསུངས་སོ། །མཁས་པ་ཆེན་པོ་དཔལ་ལྡན་ཆོས་རྗེ་དང་ལྕང་སྐྱ་རོལ་པའི་རྡོ་རྗེ་བསྟན་དར་ལྷ་རམས་པ་སོགས་པ་ནི་དགག་བྱ་བདེན་གྲུབ་དབང་ཤེས་ལ་མི་སྣང་བར་གསུངས་སོ། །ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཞེད་པ་ནི། དབང་ཤེས་ལ་དགག་བྱ་བདེན་གྲུབ་སྣང་བར་བཞེད་དེ། དེ་ཉིད་ཀྱིས་མཛད་པའི་དབུ་མ་ཆེན་མོ་ལས། ཡང་ཁ་ཅིག་ན་རེ། གཟུགས་སོགས་སྟེང་དུ་དོན་དམ་མེད་ཅེས་པའི་དགག་བྱ་བདེན་པ་གང་ཡིན་དབང་ཤེས་ལ་སྣང་ཟེར་ན། འོ་ན་གཟུགས་སོགས་རིགས་ངོར་དོན་དམ་པར་སྐྱེ་བ་ཡང་དབང་ཤེས་ལ་སྣང་བར་ཐལ། གཟུགས་སོགས་ཀྱི་དོན་དམ་གཉིས་ཀའི་སྐྱེ་བ་དབང་ཤེས་ལ་སྣང་བའི་ཕྱིར། དེར་ཐལ། ཁྱོད་ཀྱི་དམ་བཅའ་དེ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་སོགས་ལྔ་དང་དེ་ལྔ་བདེན་གྲུབ་ལྔ་དབང་ཤེས་སོ་སོར་སྣང་ལ། དེ་དག་ཡང་དག་པའི་སྐྱེ་བ་ལྔ་དང་རིགས་ངོའི་བདེན་གྲུབ་ཀྱི་སྐྱེ་བ་ལྔ་མེད་པའི་ཁྱད་པར་འཐད་བཤད་པའི་ཕྱིར། བདེན་གཉིས་རང་འགྲེལ་ལས། ཡང་དག་པའི་སྐྱེ་བ་སོགས་དངོས་པོ་ལ་སྣང་བ་ན་མི་སྣང་བས། ཞེས་དང་། རྣམ་བཤད་ལས་མཐོང་བ་ནི་རྟོག་པ་ཡིན་གྱི་དབང་ཤེས་མིན་ཏེ། ཞེས་སོགས་དྲངས་སོ། །དེས་ན་སྐབས་འདིའི་དབང་ཤེས་ལ་མི་སྣང་བའི་དགག་བྱ་དེ་རིགས་ངོའི་དགག་བྱ་ལ་བྱེད་དེ། དེའི་ཤེས་བྱེད་ལ་རང་རྒྱུད་པའི་གཞུང་དུ་བདེན་གྲུབ་འགོག་སྐབས་རིགས་ངོའི་དགག་བྱ་འགོག་པ་ཡིན་ཏེ། རང་རྒྱུད་པའི་ལུགས་ཀྱི་རིགས་པའི་དགག་བྱ་ངོས་བཟུང་བའི་ཐད་ཀྱི་ལེགས་བཤད་སྙིང་པོ་ལས། གསུམ་གསུངས་པའི་ཕྱི་མ་ནི་ཞེས་པ་ནས་སློབ་དཔོན་ཡེ་ཤེས་སྙིང་པོའི་བདེན་གཉིས་ཀྱི་སྐོར་དང་དབུ་མ་རྒྱན་རང་འགྲེལ་དང་བཅས་པ་ལས་གསལ་བར་ངོས་བཟུང་བ་མི་སྣང་ངོ་། །ཞེས་པའི་བར་ཁུངས་སུ་མཛད་དོ། །གུང་ཐང་བློ་གྲོས་ཚང་དང་བཙུན་པ་དཀོན་མཆོག་འཇིགས་མེད་དབང་པོ་ལ་སོགས་པས་ཀྱང་ཀུན་མཁྱེན་ཇི་ལྟ་བ་བཞིན་དུ་བཞེད་དོ། །གུང་ཐང་བསྟན་པའི་སྒྲོན་མེ་ནི། སློབ་དཔོན་ཡེ་ཤེས་སྙིང་པོའི་ལུགས་ལ་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བར་གསུངས་པས་བདེན་གཉིས་རང་འགྲེལ་ལས་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་གསུངས་པ་དེ་རིགས་ངོའི་དགག་བྱ་ཙམ་ལ་མི་བྱེད་པར་བདེན་གྲུབ་ཙམ་ལ་སྦྱར་བས་ཀུན་མཁྱེན་ལྟར་མི་བཞེད་པ་འདྲའོ། །དེ་ལྟར་ཡང་དེ་ཉིད་ཀྱིས་མཛད་པའི་ཕར་ཕྱིན་མཆན་ལས། ལུགས་འདིར་བདེན་གྲུབ་དབང་ཤེས་ལ་སྣང་ན། དེ་ཉིད་ལོག་པའི་ཀུན་རྫོབ་ཡིན་པར་གཅིག་དུ་བྲལ་སོགས་ཀྱིས་སྒྲུབ་དགོས་པའི་དོན་དེ། ཡེ་ཤེས་སྙིང་པོས་བདེན་སྣང་བཞེད་པར་འདོད་པ་དག་གིས་རྩོད་ལན་འདི་དག་ཤོད་པའི་སྐབས་མེད་དོ། །ཞེས་གསུངས་སོ། །བདེན་གཉིས་འགྲེལ་བ་དང་ཊཱིཀ་ཆེན་ལས་དགག་བྱ་དབང་ཤེས་ལ་མི་སྣང་བར་གསུངས་པ་དེ་རིགས་ངོའི་དགག་བྱ་མི་སྣང་བར་འཆད་མཁན་དག་ལ་མཁས་པ་ཆེན་པོ་དཔལ་ལྡན་ཆོས་རྗེ་དང་། ལྕང་སྐྱ་རོལ་པའི་རྡོ་རྗེ། བསྟན་དར་ལྷ་རམས་པ་ལ་སོགས་ཀྱིས་དགག་པ་མང་དུ་སྣང་བས་རྒྱས་པར་མཁྱེན་འདོད་ན། ཆོས་རྗེའི་བདེན་གཉིས་ཀྱི་སྐོར་དང་གྲུབ་མཐའ་ཆེན་མོའི་མཆན་འགྲེལ་རང་རྒྱུད་པའི་ཐད་དང་། ལྕང་སྐྱའི་གྲུབ་མཐའ་རང་རྒྱུད་པའི་ཐད། བསྟན་དར་ལྷ་རམས་པའི་གཅིག་དུ་བྲལ་གྱི་རྣམ་གཞག་སོགས་ལ་གཟིགས་པར་མཛོད། འགོག་ཚུལ་མདོར་བསྡུས་ཙམ་འཆད་ན། འགོག་ཚུལ་མདོར་བསྡུས་ཙམ་ནི། རྗེ་བདག་ཉིད་ཆེན་པོས་འཇུག་པའི་རྣམ་བཤད་ཆེན་མོ་ལས། བདེན་འཛིན་དེས་བདེན་པར་ཡོད་པ་ལྟར་ཉེ་བར་བསྟན་པ་མཐོང་བ་ནི་རྟོག་པ་ཡིན་གྱི་དབང་ཤེས་མིན་ཏེ། བདེན་གཉིས་ཀྱི་འགྲེལ་པར་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བར་བཤད་པ་འདིར་ཡང་འདྲ་བའི་ཕྱིར་རོ། །ཞེས་ཞི་འཚོ་ཡབ་སྲས་ཀྱི་བཞེད་པ་འཆད་པའི་སྐབས་སུ་གསུངས་པའི་ཕྱིར། དེ་ལྟར་མ་ཡིན་པར་རིགས་ངོའི་དོན་དམ་ལ་བྱེད་ན་བདེན་འཛིན་དེས་བདེན་པར་ཡོད་པ་ལྟར་ཉེ་བར་བསྟན་པ་ཞེས་པའི་དོན་འཆད་དཀའ་བར་འགྱུར་རོ། །ཞེས་འགོག་ཚུལ་འདིས་བདེན་གཉིས་འགྲེལ་བར་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བའི་དགག་བྱ་དེ་རིགས་ངོའི་དགག་བྱ་ལ་བྱེད་ན། ཊཱིཀ་ཆེན་ལས་བདེན་གཉིས་ཀྱི་འགྲེལ་པར་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བའི་རྒྱུ་མཚན་གྱིས་དབུ་མ་སྣང་བ་ལས་བདེན་འཛིན་དེས་བདེན་པར་ཡོད་པ་ལྟར་ཉེ་བར་བསྟན་པ་མཐོང་བ་ནི་རྟོག་པ་ཁོ་ན་ཡིན་གྱི་དབང་ཤེས་མིན་པའི་ཤེས་བྱེད་དུ་ཇི་ལྟར་འགྲོ་བའི་ཚུལ་འཆད་པར་མི་ནུས་ཞེས་བཀག་གོ །དེ་ཡང་བདེན་གཉིས་འགྲེལ་བར་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བའི་དགག་བྱ་དེ་རིགས་ངོའི་དགག་བྱ་ཁོ་ན་ལ་བྱེད་ན་ཊཱིཀ་ཆེན་གྱི་གཞུང་གི་དོན་འཆད་དཀའ་བར་འགྱུར་ཀྱང་། བདེན་གཉིས་འགྲེལ་བའི་དངོས་བསྟན་གྱི་དགག་བྱ་རིགས་ངོའི་དགག་བྱ་ཙམ་ལ་བྱེད་ཀྱང་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པའི་ཡོད་པ་དེ་ཤུགས་བསྟན་ཡིན་པས་ཊཱིཀ་ཆེན་གྱི་གཞུང་དོན་འཆད་དཀའ་བར་མི་འགྱུར་རོ་སྙམ་མོ། །

བཞི་པ། བླ་མ་རྗེ་བཙུན་པའི་ཇི་ལྟར་བཞེད་པ་ལ། གཞན་ལུགས་འགོད་པ་དང་། དེ་བཀག་ནས་རང་ལུགས་བཞག་པ། དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། ཁ་ཅིག་ན་རེ། བདེན་གཉིས་སྤྱི་དོན་ལས། བུམ་པ་ཆོས་ཅན། ཁྱོད་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་བློ་ཀུན་རྫོབ་པ་དབང་ཤེས་ངོར་བདེན་གྱི་དོན་ལ་རྫུན་པས་ན་དེ་ལྟར་བརྗོད་པའི་ཕྱིར། ཞེས་དང་། དབང་ཤེས་ཆོས་ཅན། ཁྱོད་ལ་བློ་ཀུན་རྫོབ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པར་བྱེད་པའི་བློ་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། ཞེས་དང་། ཡང་སྐབས་གཉིས་པའི་སྤྱི་དོན་ལས། ལོ་ཆེན་གྱིས། སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པའི་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་གྱི་མཚན་ཉིད། དེ་དང་བྲལ་བའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གྱི་མཚན་ཉིད། ཅེས་གསུངས། དེ་ལ་ཨར་ཆེན་པོ་སོགས་ཀྱིས་དག་ས་ལ་གནས་པའི་སེམས་དཔའི་རྒྱུད་ལ་ཟག་བཅས་སྒོམ་ལམ་མེད་པར་ཐལ། དེའི་རྒྱུད་ལ་སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པ་མེད་པའི་ཕྱིར་ཏེ། ས་བརྒྱད་པར་རྟོག་པ་གནས་གྱུར་པའི་ཕྱིར། ཞེས་བཀག་ནས། གཟུང་འཛིན་གཉིས་སྣང་གི་རྟོག་པ་དང་བཅས་པའི་ཞེས་སོགས་གསུངས། གཟུང་འཛིན་གཉིས་སྣང་གི་གཉིས་དེ་གང་ལ་བྱེད། གཟུང་འཛིན་རྫས་ཐ་དད་དུ་སྣང་བ་ལ་བྱེད་དམ། བདེན་སྣང་ལ་བྱེད། དང་པོ་ལྟར་ན་རང་རྒྱལ་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་པའི་མོས་པ་སྒོམ་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། གཟུང་འཛིན་རྫས་ཐ་དད་དུ་སྣང་བའི་གཉིས་སྣང་སྤངས་པའི་ཕྱིར་ཏེ། དེར་འཛིན་པའི་རྟོགས་པ་སྤངས་པའི་ཕྱིར། ཁྱབ་སྟེ། བདེན་འཛིན་སྤངས་ན་བདེན་སྣང་སྤང་པས་ཁྱབ་པའི་ཕྱིར། གཉིས་པ་ལྟར་ན། གཟུགས་བདེན་སྟོང་སྒྱུ་མ་ལྟ་བུར་གསལ་བར་སྣང་བའི་ས་གཉིས་པའི་ཡེ་ཤེས་ཆོས་ཅན། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། བདེན་སྣང་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། ཐེག་ཆེན་གྱི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ཡིན་པའི་ཕྱིར། ཞེས་དང་། སྐབས་གཉིས་པའི་མཐའ་དཔྱོད་ལས་ཀྱང་དེ་བཞིན་དུ་གསུངས་པ་སོགས་ཀྱིས་རྗེ་བཙུན་ནི་རང་རྒྱུད་པའི་ལུགས་ལ་དགག་བྱ་བདེན་པ་དབང་ཤེས་ལ་སྣང་བར་བཞེད་དོ། །དེའི་ཚུལ་ཡང་། བུམ་པ་དེ་བུམ་འཛིན་མིག་ཤེས་ངོར་བདེན་པ་དང་དོན་ལ་རྫུན་པར་གསུངས་པས་དེའི་ངོར་བདེན་པ་ཡིན་གསུངས་འདུག་ན་དེའི་ངོར་བདེན་པ་ཡིན་ན་དེའི་ངོར་བདེན་པར་གྲུབ་དགོས་དེས་ན་དབང་ཤེས་དེ་ལ་བདེན་པར་གྲུབ་པ་སྣང་དགོས་པའི་ཕྱིར། གཞན་ཡང་དབང་ཤེས་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་བྱེད་དུ་གསུངས་པས་དེ་ཁོ་ན་ཉིད་ནི་སྟོད་ཉིད་ཡིན་པས་བདེན་གྲུབ་མ་སྣང་ན་དེ་ཁོ་ན་མཐོང་བ་ལ་སྒྲིབ་པར་འཇོག་མི་ནུས་པས་སོ། །ཞེས་དང་། ཡང་སྐབས་གཉིས་པའི་ལུང་དེས་ས་གཉིས་པའི་རྗེས་ཐོབ་ཡེ་ཤེས་ཀྱི་རྟོག་བྲལ་གྱི་ཤེས་པ་ལ་བདེན་སྣང་ཡོད་པར་གསུངས་པས་དབང་ཤེས་ལ་བདེན་སྣང་ཡོད་པར་དོན་གྱིས་གྲུབ་བོ་ཞེས་འདོད་ལ། གཞན་ཡང་དབུ་མ་སྣང་བ་ལས། དེའི་ཕྱིར་དེ་དག་གི་བསམ་པའི་དབང་གིས་དངོས་པོ་རྫུན་པའི་ངོ་བོ་ཐམས་ཅད་ནི། ཀུན་རྫོབ་ཏུ་ཡོད་པ་ཁོའོ། །ཞེས་པའི་བསམ་པ་ལ་སྲོག་ཆགས་ཐམས་ཅད་ལ་ཡོད་པའི་རྟོག་པ་དང་རྟོག་མེད་དབང་ཤེས་སོགས་ལམའཇོག་དགོས་པར་གསུངས་པས་བསམ་པ་དེ་གཉིས་ཀྱི་དབང་གིས་བཞག་པའི་དངོས་པོ་རྫུན་པ་ཐམས་ཅད་དོན་དམ་དུ་མེད་ཅིང་ཀུན་རྫོབ་ཏུ་ཡོད་པའི་རྒྱུ་མཚན་ལ་དེའི་ཕྱིར་ཞེས་སྨོས་ལ། དེ་ཡང་ཐོག་མེད་ནས་འཁྲུལ་བའི་བག་ཆགས་སྨིན་པ་ལས་བྱུང་བའི་བདེན་འཛིན་ལྷན་སྐྱེས་དེས་ཡང་དག་པར་ཉེ་བར་བསྟན་པ་དེ་ཉིད་སྲོག་ཆགས་ཐམས་ཅད་ཀྱིས་མཐོང་བ་དེའི་ཕྱིར་ཞེས་བཀྲལ་ཏེ། གལ་ཏེ་རྟོག་མེད་དབང་ཤེས་ལ་བདེན་གྲུབ་མི་སྣང་ན་བསམ་པའི་དབང་གིས་ཞེས་པའི་བསམ་པ་ལ་རྟོག་པ་བཞག་ནས་དེའི་དབང་གིས་བཞག་པ་ལ་ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་དུ་མེད་པའི་རྒྱུ་མཚན་ལ་དེའི་ཕྱིར་ཞེས་བཀོད་ན་འབྲེལ་ཆེ་ཡང་བསམ་པ་དབང་ཤེས་ལ་བཞག་ནས་དེའི་དབང་གིས་བཞག་པ་ལ་ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་དུ་མེད་པའི་རྒྱུ་མཚན་ལ་དེའི་ཕྱིར་ཞེས་བཀོད་ན་འབྲེལ་གཏན་ནས་མི་འགྲིག་བས་དབུ་མ་སྣང་བ་ལས་ཀྱང་དབང་ཤེས་ལ་བདེན་གྲུབ་སྣང་བར་བསྟན་ཏོ། །ཞེས་དམ་བཅས་ནས་གྲུབ་དོན་འཆད་པ་ན། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ་དགག་བྱ་བདེན་གྲུབ་དབང་ཤེས་ལ་སྣང་ཞིང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ་དགག་བྱ་བདེན་གྲུབ་དབང་ཤེས་ལ་མི་སྣང་བའི་ཁྱད་པར་ཡོད་དེ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ་དགག་བྱ་བདེན་གྲུབ་དབང་ཤེས་ལ་སྣང་བ་གོང་གི་ལུང་དེ་དག་གིས་གྲུབ་ལ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ་དབང་ཤེས་མ་འཁྲུལ་བ་ཡིན་པས་བདེན་གྲུབ་མི་སྣང་ངོ་། །ཞེས་རྗེ་བཙུན་པས་བཞེད་དོ་ཟེར་རོ། །

གཉིས་པ། དེ་དག་ནི་ལེགས་པར་བཤད་པ་མ་ཡིན་ཏེ། གསུང་དེ་དག་ལ་དོགས་པའི་གནས་ཅུང་ཙམ་ཡོད་ནའང་དོན་དེ་ལྟར་མིན་ཏེ། འཆད་པར་འགྱུར་རོ། །བདེན་གྲུབ་དབང་ཤེས་ལ་མི་སྣང་བ་ལུགས་གཉིས་ཀ་ལ་འདྲ་བར་རྗེ་བདག་ཉིད་ཆེན་པོས་གསུངས་ལ། གཞུང་ཁུངས་ཐུབ་གཞན་ལས་ཀྱང་དེ་འདྲ་བའི་ཁྱད་པར་ཕྱེ་བ་མེད་ཅིང་། ལུགས་དེ་གཉིས་ཀྱི་སྟོང་པ་ཉིད་ཀྱི་དགག་བྱ་ལ་ཕྲ་རགས་ཅི་ཡང་མེད་པས་བདེན་གྲུབ་སྣང་མི་སྣང་གི་ཁྱད་པར་བློ་དང་ལྡན་པ་སུ་ཞིག་གིས་བརྗོད་པར་ནུས་སོ། །དབུ་མ་སྣང་བའི་གཞུང་དེ་ལ་དེ་ལྟ་བུའི་དོགས་པ་འབྱུང་ཉེ་བ་སྟེ་འབྱུང་རིགས་མོད། དེ་འདྲའི་དོགས་པ་བསལ་བའི་ཕྱིར་དུ་ཊཱིཀ་ཆེན་ལས་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བ་འདིར་ཡང་འདྲ་བའི་ཕྱིར་ཞེས་གསུངས་པས་ཊཱིཀ་ཆེན་དང་དངོས་སུ་འགལ་བས་མི་འཐད་པ་ཁོ་ནའོ། །དེའི་ཕྱིར་ཞེས་པ་མདོ་ལས། དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་བདེན་འཛིན་དེ་ཁོ་ན་ཉིད་ལ་སྒྲིབ་བྱེད་དུ་གསུངས་པས་བདེན་འཛིན་དེས་དེ་ཁོ་ན་ཉིད་ལ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་ཕྱིན་ཅི་ལོག་ཏུ་བཟུང་བས་དེས་ཆོས་གང་ཡང་ཀུན་རྫོབ་ཏུ་ཡོད་པར་འཇོག་མི་ནུས་པ་དེའི་ཕྱིར་ཞེས་སྦྲེལ་ནས་འོ་ན་མདོ་ལས་དངོས་སྐྱེ་བ་ཀུན་རྫོབ་ཏུ་ཡོད་ཅེས་གསུངས་པས་དངོས་པོ་རྣམས་ཀུན་རྫོབ་ཏུ་ཡོད་པར་གང་གིས་འཇོག་ཅེ་ན། སེམས་ཅན་དེ་དག་གི་བསམ་པ་བློ་གནོད་མེད་རྟོག་པ་དང་རྟོག་མེད་ཀྱི་དབང་གིས་བཞག་པའི་དངོས་པོ་སྟེ་ཆོས་ཀུན་བློ་ལ་དབང་གིས་བཞག་པའི་ངོ་བོ་ཐམས་ཅད་ནི་ཀུན་རྫོབ་ཏུ་ཡོད་པའི་དོན་ནོ་ཞེས་གསུངས་ཀྱི་དབང་ཤེས་ལ་བདེན་སྣང་ཡོད་པར་བསྟན་པ་ནི་དོན་མིན་ནོ། །དེས་ན་རྗེ་བདག་ཉིད་ཆེན་པོའི་གསུང་ལས་ཕྱི་རོལ་ཏུ་གྱུར་པའི་རྣམ་གཞག་བྱེད་པ་ནི་རྣམ་པ་ཐམས་ཅད་དུ་མི་འཐད་པས་རྗེ་བཙུན་པ་ཡང་དེ་ལྟར་བཞེད་པའི་སྐབས་ག་ལ་ཡོད་དེ་མི་བཞེད་པ་ཁོ་ནའོ། །དེ་ཡང་རྗེ་ཡབ་སྲས་ཀྱིས་ཊཱིཀ་ཆེན་དང་བདེན་གཉིས་དར་ཊཱིག་སོགས་སུ་འབད་པས་སྒོ་ནས་དགག་བྱ་བདེན་པ་དབང་ཤེས་མི་སྣང་བར་གསུངས་པས་སོ། །དེ་ཡང་བདེན་གཉིས་དར་ཊཱིཀ་ལས། རང་རྒྱུད་པའི་བཞེད་པས་རང་མཚན་སྟོང་པ་ཉིད་ཀྱི་འགལ་ཟླ་དགག་བྱའི་ཆོས་སུ་འདོད་ན། དེ་དབང་ཤེས་ལ་མི་སྣང་བར་བདེན་གཉིས་འདིར་གསལ་བར་བཤད་པ་དང་འགལ་ལོ། །ཞེས་གསུངས་སོ། །གལ་ཏེ་བདེན་གཉིས་འགྲེལ་བར་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་ཞེས་པའི་དགག་བྱ་དེ་རིགས་ངོའི་དགག་བྱ་ཁོ་ན་ལ་བྱེད་ན་རྒྱལ་ཚབ་རྗེའི་གསུང་འདི་ནུས་མེད་དུ་འགྱུར་ཏེ། རང་རྒྱུད་པའི་འདོད་པའི་རང་མཚན་སྟོང་ཉིད་ཀྱི་དགག་བྱར་བཞག་ན། དེ་དབང་ཤེས་ལ་སྣང་བ་གང་ཞིག་སྟོང་ཉིད་ཀྱི་དགག་བྱ་ཡིན་ན་དབང་ཤེས་ལ་མི་སྣང་དགོས་ཏེ། བདེན་གཉིས་འགྲེལ་བ་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བར་གསུངས་པ་དང་འགལ་ལོ་ཞེས་སྟོང་ཉིད་ཀྱི་དགག་བྱ་ཡིན་ན་དབང་ཤེས་ལ་མི་སྣང་བས་ཁྱབ་པར་གསུངས་པ་དང་འབྲེལ་མེད་དུ་འགྱུར་བས་སོ། །ལྕང་སྐྱ་རོལ་པའི་རྡོ་རྗེས་ཀྱང་དེའི་ཕྱིར་རྒྱལ་ཚབ་ཐམས་ཅད་མཁྱེན་པས་ཀྱང་ལུགས་འདིས་དགག་བྱ་བདེན་གྲུབ་དབང་ཤེས་ལ་མི་སྣང་བར་བཞེད་པར་གསུངས་ཞེས་གསུངས་སོ། །གོང་དུ་དྲངས་པའི་རྗེ་བཙུན་པའི་གཞུང་གི་དོན་བཤད་པ་ལ། ཕར་ཕྱིན་སྤྱིན་དོན་ལས། བུམ་པ་དེ་དབང་ཤེས་ཀྱི་ངོར་བུམ་པར་སྣང་བ་ལྟར་གནས་ཀྱི་སྤྱིར་སྣང་བ་ལྟར་མེད་པའི་དོན་དང་། དབང་ཤེས་ཆོས་ཅན། བློ་ཀུན་རྫོབ་པ་ཞེས་བྱ་སྟེ། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་བྱེད་ཡིན་པའི་ཕྱིར་ཞེས་གསུངས་པའི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་བྱེད་ཅེས་པའི་དེ་ཁོ་ན་ཉིད་ནི་ཕྱི་རོལ་དོན་གྱིས་སྟོང་བའི་དེ་ཁོ་ན་ཉིད་ལ་བྱ་དགོས་ཏེ། དེ་མཐོང་བ་ལ་སྒྲིབ་པའི་རྒྱུ་མཚན་ནི། དབང་ཤེས་དེ་ལ་ཕྱི་དོན་སྣང་ཞིང་ཕྱི་དོན་དེ་དེའི་དགག་བྱ་ཡིན་པས་འདི་མ་ཁེགས་ན་སྟོང་བ་དེ་མི་གྲུབ་པས། དགག་བྱ་དེ་མ་ཁེགས་པ་དེ་སྲིད་དུ་དེའི་སྟོང་བ་གཏན་ལ་འབེབས་མི་ནུས་པས་ན་དེའི་གནད་ཀྱིས་སྒྲིབ་ཅེས་པ་ཡིན། སྤྱིར་ལུགས་འདིར་ཕྱི་རོལ་དོན་སྟོང་དེ་ཁོ་ན་ཉིད་མ་ཡིན་ཀྱང་། དེ་ཁོ་ན་ཉིད་ཅེས་པའི་སྒྲ་འཇུག་གཞི་གཉིས་ཡོད་པས་སྒྲ་ཟུར་ཡངས་བའི་དབང་དུ་བྱེད་ན་དེ་ལ་དེ་ཁོ་ན་ཉིད་ཀྱི་སྒྲ་འཇུག་སྟེ། འགྲེལ་ཆུང་ལས། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་གཉིས་སུ་མེད་པ་སྐད་ཅིག་མ་གཅིག་ཁོ་ནས་རྟོགས་པས་ན་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ནོ། །ཞེས་གསུངས་པའི་དེ་ཁོ་ན་ཉིད་དེ་གཉིས་སྟོང་ལ་བྱེད་པ་གསེར་རྣམ་གཉིས་ཀ་ཞལ་མཐུན་པའི་ཕྱིར། ཁ་ཅིག་དབང་ཤེས་མངོན་དུ་གྱུར་པ་ན་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པ་ལ་གེགས་བྱེད་པས་སྒྲིབ་བྱེད་ཅེས་པའི་དོན་ཡིན་ཟེར་ན། འདྲེས་ཤར་སྒོའི་ཕྱོགས་སུ་གནོད་པ་ན། གླུད་ནུབ་སྒོར་གཏོང་བ་དང་འདྲ་བ་ཡིན་ཏེ། དེ་ཁོ་ཉིད་མཐོང་བ་ལ་སྒྲིབ་བྱེད་དུ་མི་བཤད་པར། དོན་གཞན་དེ་ཁོ་ན་ཉིད་མཐོང་ཟིན་ནས་མཉམ་པར་བཞག་པ་ལ་སྒྲིབ་པར་བྱེད་པ་ལ་བཤད་ན། སྦྱོར་ལམ་ཆོས་མཆོག་ཆེན་པོ་དེས་ཀྱང་སྟོང་ཉིད་མངོན་སུམ་དུ་མཐོང་བ་ལ་སྒྲིབ་པར་ཐལ་བས། དེ་མངོན་སུམ་དུ་མཐོང་བ་ལ་གྲོགས་མེད་པར་ཐལ་བ་སོགས་གནོད་བྱེད་མཐའ་ཡས་སོ། །སྐབས་གཉིས་པ་ལས་ནི། གཟུགས་བདེན་སྟོང་སྒྱུ་མ་ལྟ་བུ་གསལ་བར་སྣང་བའི་ས་གཉིས་པའི་རྗེས་ཐོབ་ཡེ་ཤེས་དེ་ལ་བདེན་པར་སྣང་བ་ཡོད་པར་གཏན་ནས་གསུངས་པ་མིན།འོ་ན་ཅི་ཞེ་ན། དེ་ལ་བདེན་སྣང་དང་བཅས་པ་ལ་བཤད་པས་སོ། །བཅས་པ་ལ་ཡོད་མི་དགོས་པ་རིགས་པས་གྲུབ་བོ། །དེ་ཡང་སྐབས་གཉིས་པའི་སྤྱི་མཐའ་གཉིས་ཀ་ལས། གཉིས་པ་ལྟར་ན། ཞེས་ཨར་ཆེན་པོའི་ཟག་བཅས་སྒོམ་ལམ་གྱི་མཚན་ཉིད་ཟུར་དུ་གཟུང་འཛིན་གཉིས་སྣང་གི་རྟོག་པ་དང་བཅས་པའི་ཞེས་པའི་གཉིས་སྣང་དང་བཅས་པ་བཤད་པས་རང་ལུགས་ཀྱིས་གཉིས་སྣང་དེ་ལ་བརྟག་པ་གཉིས་ལས་ཕྱི་མ་བདེན་སྣང་དང་བཅས་པ་ལ་བརྟག་པ་བྱེད་དེ། གཟུགས་བདེན་སྟོང་སྒྱུ་མ་ལྟ་བུར་གསལ་བར་སྣང་བའི་ས་གཉིས་པའི་ཡེ་ཤེས་ཆོས་ཅན། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། བདེན་སྣང་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། ཐེག་ཆེན་གྱི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ཡིན་པའི་ཕྱིར། ཞེས་བརྟག་པ་བྱེད་ཚེ་བདེན་སྣང་ཡོད་པ་ལ་བྱེད་པ་ནི་རྗེ་བཙུན་པའི་གསུང་དེ་དག་ལེགས་པར་མ་གཟིགས་པའི་བཤད་པ་ཡིན་པས་བདེན་སྣང་ཡོད་པ་ལ་བརྟག་པ་མ་བྱས་པར་བདེན་སྣང་དང་བཅས་པ་ལ་བྱས་ནས་བཀག་འདུག་པས་སྔ་རྒོལ་ཨར་གྱིས་བཅས་པ་གསུངས་ཀྱི་ཡོད་པ་མ་གསུངས་པས། དེ་འགོག་པའི་ཚེ་ནའང་བཅས་པ་ལ་སྦྱོར་འདུག་པས་འདིས་གཟུགས་བདེན་སྟོང་སྒྱུ་མ་ལྟ་བུ་གསལ་བར་སྣང་བའི་ས་གཉིས་པའི་ཡེ་ཤེས་ལ་བདེན་སྣང་ཡོད་པར་འདོད་པ་ནི་ལོག་རྟོག་འབའ་ཞིག་ཏུ་ཤེས་པར་བྱའོ། །དེས་ན་བདེན་སྣང་དེ་རྟོག་པ་ལ་བདེན་པར་གྲུབ་པ་སྣང་བ་ལ་བྱེད་དགོས་པ་འདྲ་སྟེ། མཐའ་དཔྱོད་དུ་བདེན་སྣང་དང་བཅས་པའི་རྒྱུ་མཚན་དུ་གཟུགས་འཛིན་གཉིས་སྣང་གི་རྟོག་པ་དང་བཅས་པའི་ཕྱིར་ཞེས་བཀོད་འདུག་པས་དེ་ལ་འབྲེལ་ཡོད་པའི་ཕྱིར། དེས་ན་རྗེ་བཙུན་པའི་ལུགས་ལ་དགག་བྱ་བདེན་པ་དབང་ཤེས་ལ་སྣང་བའི་སྒྲུབ་བྱེད་མེད་ཅིང་། མི་སྣང་བའི་སྒྲུབ་བྱེད་ལུང་རིགས་མང་དུ་མཐོང་བས་མི་སྣང་བར་འདོད་དོ། །

གསུམ་པ་ནི། ཁོ་ན་རེ། རྗེ་བཙུན་པའི་སྐབས་གཉིས་པའི་བདེན་སྣང་དང་བཅས་པའི་དོན་བདེན་སྣང་མ་སྤངས་པ་ཙམ་ལ་བྱེད་ན་དམིགས་ཀྱིས་བཀར་ནས་ཐེག་ཆེན་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ཡིན་པའི་ཕྱིར་ཞེས་རྟགས་བཀོད་དོན་མེད་པའི་ཕྱིར་ཏེ། སེམས་ཅན་གྱི་ཤེས་པ་ཐམས་ཅད་དེ་ཡིན་པས་སོ། །དེས་ན་འདིས་ཀྱང་སློབ་པའི་རྗེས་ཐོབ་ཡེ་ཤེས་ལ་བདེན་གྲུབ་སྣང་བས་ཁྱབ་པར་བསྟན་ཞེས་སྨྲ་བ་ཡང་མི་འཐད་དེ། སྐབས་འདིར་རྩོད་གཞི་གཟུགས་བདེན་སྟོང་སྒྱུ་མ་ལྟ་བུ་གསལ་བར་སྣང་བའི་ས་གཉིས་རྗེས་ཐོབ་ཡེ་ཤེས་ཡིན་ལ། དེ་བདེན་སྣང་དང་བཅས་པ་ཡིན་པའི་སྒྲུབ་བྱེད་ཀྱི་རྟགས་འགོད་པ་ན་ཐེག་ཆེན་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ཡིན་པའི་ཕྱིར་ཞེས་རྟགས་བཀོད་པ་ཡིན་པས་རྟགས་དེས་བསྒྲུབ་བྱ་སྒྲུབ་ནུས་ན་རྟགས་དེ་ལ་དོན་ཡོད་ལ། མི་ནུས་ན་ཁྱོད་ལྟར་ན་དེ་ལ་རྟགས་འགོད་རྒྱུ་ཅུང་ཟད་ཀྱང་མི་རྙེད་པའི་ཕྱིར་རོ། །གཞན་ཡང་ཐེག་ཆེན་སྒོམ་ལམ་ས་གཉིས་པ་རྗེས་ཐོབ་པའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་བདེན་སྣང་དང་བཅས་དམ་མ་བཅས་དང་པོ་ལྟར་ན། དེ་ལ་རྟགས་ཇི་ལྟར་འགོད། ས་གཉིས་པའི་ཡེ་ཤེས་ཡིན་པའི་ཕྱིར་ཞེས་འགོད་དམ། དེ་ལས་གཞན་དུ་འགོད། ཇི་ལྟར་བཀོད་ནའང་འབྲས་མཚུངས་ལྟག་ཆོད་ཉིད་དུ་འགྱུར་རོ། །གལ་ཏེ་འགོད་རྒྱུ་མེད་ན་དེའི་རྟོགས་པའི་རྗེས་དཔག་གི་རྟེན་རྟགས་ཡང་དག་ཇི་ལྟར་འཇོག་སོམས་ཤིག གཉིས་པ་ལྟར་ན་ཡེ་ཤེས་དེ་བདེན་སྣང་དང་བྲལ་བས་དེའི་ཆོས་ཉིད་ཀྱང་བདེན་སྣང་དང་བྲལ་དགོས་པས་དེ་གཉིས་ཆོས་སྐུ་མིན་པར་ཇི་ལྟར་སྒྲུབ། ཆོས་དང་ཆོས་ཅན་བདེན་སྣང་དང་བཅས་ན་བཅས་མཉམ་དང་བྲལ་ན་བྲལ་མཉམ་དུ་རིགས་པས་གྲུབ་པའི་ཕྱིར། དེར་ཐལ། ལུགས་འདིར་ཡང་བདེན་སྣང་དེ་སྤང་བྱ་ཡིན་པས་སོ། །

བདག་གི་བླ་མ་མཁས་པའི་དབང་པོ་ལུང་རིགས་སྨྲ་བའི་དབང་ཕྱུག་མཆོག་གི་ཞལ་སྔ་ནས། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཡིན་ཡང་འདྲ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་སུའི་ལུགས་ལ་ཡང་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བའི་རྒྱུ་མཚན་ནི། དབུ་མ་སུའི་ལུགས་ལ་ཡང་དབང་ཤེས་ཀྱིས་ཡུལ་སྣང་ཚུལ་མི་འདྲའི་ཁྱད་པར་ཅི་ཡང་མེད། དེས་ན་དབང་ཤེས་ཚད་མ་ལ་ཡུལ་དེ་སྣང་བ་ན་རྒྱང་ཆད་ལྟ་བུའི་སྣང་ཚུལ་གཅིག་དང་། གདགས་གཞི་རང་ངོས་ནས་གྲུབ་པའི་སྣང་ཚུལ་གཉིས་ཡོད་ལ། དེས་ན་སྣང་ཚུལ་དང་པོ་དེ་ལ་ཕྱི་རོལ་དོན་དུ་གྲུབ་པ་སྣང་ཚུལ་དང་། གཉིས་པ་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པ་སྣང་ཚུལ་ཡིན། ཕྱི་དོན་མི་འདོད་པ་དག་གིས་ཕྱི་རོལ་དོན་དུ་གྲུབ་པ་སྣང་བའི་ཆ་ནས་དེ་འདྲ་དབང་མངོན་ཚད་མ་དེ་འཁྲུལ་ཤེས་སུ་འདོད། དེ་ཡང་འཕགས་སེང་དང་ཞི་འཚོ་ཡབ་སྲས་སོགས་རྣལ་འབྱོར་སྤྱོད་པའི་དབུ་མ་བ་རྣམས་སོ། །དེ་དག་གིས་དབང་ཤེས་ལ་རྒྱང་ཆད་དུ་སྣང་ཚུལ་མེད་པར་མི་བཞེད་ཀྱང་རྒྱང་ཆད་དུ་སྣང་བ་ལྟར་མི་གནས་པར་འདོད་པས་ཕྱི་དོན་སྣང་བ་ལྟར་མ་གྲུབ་པར་བཞེད། ལེགས་ལྡན་འབྱེད་དང་དེའི་རྗེས་འབྲང་སློབ་དཔོན་ཡེ་ཤེས་སྙིང་པོ་སོགས་ཕྱི་དོན་ཞལ་གྱིས་བཞེད་པས་དབང་ཤེས་དེ་ལ་བུམ་སོགས་ཕྱི་དོན་དུ་སྣང་བ་ལྟར་གྲུབ་པར་བཞེད་པས་མ་འཁྲུལ་བའི་ཚད་མར་འདོད་དོ། །དེ་གཉིས་སུའི་ལུགས་པ་ཡང་དབང་ཤེས་ཚད་མ་དེ་ལ་ཡུལ་དེ་རང་ངོས་ནས་གྲུབ་པ་སྣང་བའི་ཆ་ལ་ཚད་མས་གནོད་པ་ཅུང་ཙམ་མེད་པས་རང་ངོས་ནས་གྲུབ་པ་སྣང་བ་ལྟར་རང་ངོས་ནས་གྲུབ་པར་བཞེད་པས་གདགས་གཞི་ངོས་ནས་ཡོད་པའི་སྣང་ཚུལ་དེ་ཚད་མས་གྲུབ་པར་འདོད་པས་དེ་སྣང་བའི་ཆ་ནས་འཁྲུལ་བ་མ་སོང་བར་འདོད། གལ་ཏེ་བདེན་གྲུབ་སྣང་ན་རང་ངོས་ནས་གྲུབ་པ་དེ་སྣང་བའི་ཆ་ནས་བདེན་གྲུབ་སྣང་བར་བཞེད་དགོས་པས་རང་རྒྱུད་པ་དེ་གཉིས་ཀྱིས་དེ་སྣང་བའི་ཆ་ནས་བདེན་གྲུབ་སྣང་བར་མི་འཇོག་སྟེ། དེ་དགག་བྱའི་ཆོས་བདག་ཡིན་པར་མི་བཞེད་པའི་གནད་ཀྱིས་སོ། །ཐལ་འགྱུར་བས་དབང་ཤེས་ལ་བདེན་གྲུབ་སྣང་བར་བཞེད་པ་ཡང་སྔར་བཤད་པའི་སྣང་ཚུལ་གཉིས་ནི་ཁྱད་མེད་དུ་ཡོད་ཀྱང་ཕྱི་དོན་སྣང་བའི་ཆ་ནས་ཚད་མ་དང་གདགས་གཞི་རང་ངོས་ནས་སམ་རང་གི་མཚན་ཉིད་ཀྱི་གྲུབ་པ་སྣང་བའི་ཆ་ནས་དགག་བྱ་བདེན་གྲུབ་སྣང་བར་སོང་བ་ཡིན་གྱི་གདགས་གཞི་རང་ངོས་ནས་སྣང་བ་ལས་གཞན་པའི་དབང་ཤེས་ཚད་མ་ལ་སྣང་ཚུལ་ཕུང་གསུམ་པ་ཞིག་འདོད་པ་གཏན་ནས་མིན། དེ་ཡང་གདགས་གཞི་རང་ངོས་ནས་སྣང་བ་དབུ་མ་སུའི་ལུགས་པ་ཡང་མཚུངས་པས་སྣང་བ་ལྟར་རང་ངོས་ནས་གྲུབ་པ་དེ་རང་རྒྱུད་པ་གཉིས་ཀྱིས་དགག་བྱར་མི་བཞེད་ཡང་ཐལ་འགྱུར་བས་དོན་དམ་དཔྱོད་བྱེད་ཀྱི་རྟགས་ཀྱི་དགག་བྱ་མཐར་ཐུག་དུ་བཞེད་པས་དེ་སྣང་བས་ཆ་ནས་བདེན་གྲུབ་སྣང་བར་སོང་བས་དབང་ཤེས་ལ་དགག་བྱ་བདེན་པ་སྣང་བ་ཡོད་པར་བཞེད་དོ། །ཅེས་གསུངས་པ་དེ་ནི་རྗེ་ཐམས་ཅད་མཁྱེན་པ་དང་རྒྱལ་ཚབ་ཆོས་རྗེས་རང་རྒྱུད་པའི་ལུགས་ལ་དགག་བྱ་བདེན་པ་དབང་ཤེས་ལ་སྣང་བ་མེད་པའི་བཞེད་པ་བླ་ན་མེད་པའམ་མཐར་ཐུག་པའི་ལེགས་བཤད་ཅིག་ཡིན་ཏེ། དེང་རབས་ཀྱི་རྟོག་གེ་བ་སུས་ཀྱང་བཤད་པར་མ་ནུས་སོ། །

དེ་ལ་ཁ་ཅིག་ན་རེ། དེ་ཙམ་གྱིས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བའི་ཚུལ་གྱི་དོགས་པ་ཡོངས་སུ་ཆོད་པ་མ་ཡིན་ཏེ། དབང་ཤེས་ལ་ཕྱི་དོན་སྣང་བས་འཁྲུལ་བར་སོང་ལ་དེ་ལྟར་ན་ཤེས་སྒྲིབ་རགས་པས་བསླད་པ་ཡོད་པར་གྲུབ་ལ། གལ་ཏེ་བདེན་འཛིན་གྱིས་བསླད་པ་ཡོད་ན་བདེན་སྣང་ཡོད་པར་འགྱུར་ལ། མེད་ན། ཐལ་འགྱུར་བའི་ལུགས་ལ་དབང་ཤེས་དེ་བདེན་འཛིན་གྱིས་བསླད་པ་ཡོད་ལ་རང་རྒྱུད་ལ་མེད་པའི་ཁྱད་པར་ཇི་ལྟར་ཡིན་པའི་རྒྱུ་མཚན་སྨྲོས་ཤིག་ཅེ་ན། བཤད་པར་བྱ་སྟེ། ཁོ་བོས་སྔ་ཕྱི་མཁས་གྲུབ་དུ་མའི་གསུང་རབ་ལ་གཞི་བཅོལ་དེང་དུས་ཀྱི་མཁས་པའི་གསུངས་ཚུལ་ལས་ལེགས་ཆ་བླངས་ཏེ་རང་ཉིད་ཀྱི་བསམ་ཚོད་འགའ་བསྣོན་པ་བཏབ་སྟེ་རང་གི་བློ་གྲོས་ལ་དཔག་པའི་འཆར་སྣང་ནི། དབང་ཤེས་ལ་ཡུལ་ཡུལ་ཅན་རྒྱང་ཆད་དུ་སྣང་བ་ཡོད་པས་དེ་ནི་ཕྱི་དོན་སྣང་བའི་ཚུལ་ཡིན། དེས་ན་དེ་ལ་ཤེས་སྒྲིབ་རགས་པའམ་ཕྱི་རོལ་དོན་དུ་གྲུབ་པར་འཛིན་པས་བསླད་པར་འཇོག་ནུས་པ་ཡིན། དབང་ཤེས་ལ་རྒྱང་ཆད་དུ་སྣང་ཚུལ་ལས་ཕྱི་དོན་སྣང་ཚུལ་མེད་པས་སོ། །བདེན་འཛིན་གྱིས་བསླད་པ་འཇོག་མི་ནུས་པ་ནི་དབང་ཤེས་ཀྱིས་ཡུལ་རང་ངོས་ནས་གྲུབ་པ་སྣང་བའི་ཚེ་སྣང་བ་བདེན་འཛིན་གྱི་སྐྱོན་བྱས་ནས་སྣང་བའི་ཚུལ་ཞིབ་མོའི་བློས་ཇི་ལྟར་དཔྱད་ཀྱང་མི་རྙེད་དེ། གལ་ཏེ་བདེན་འཛིན་གྱིས་བསླད་ན་རང་ངོས་ནས་ཡོད་པར་འཛིན་པའི་བློ་དེས་བསླད་པར་འཇོག་དགོས་པ་ཡིན། རང་རྒྱུད་པས་དེ་ལྟ་བུའི་རང་ངོས་ནས་ཡོད་པར་འཛིན་པའི་བློ་དེ་ལོག་པའི་ཤེས་པ་ཙམ་ཡང་མི་འཇོག་ན་དགག་བྱ་ཕྲ་མོ་འཛིན་པའི་བདེན་འཛིན་དུ་འཇོག་པའི་སྐབས་ག་ལ་ཡོད་དེ་མེད་པས་གསར་དུ་མི་བསླུ་བའི་དབང་པོ་མངོན་སུམ་གྱི་ཚད་མར་འདོད་དོ། །དེས་ན་དེ་ཡུལ་ཅན་ལོག་པ་མིན་པས་དེས་བསླད་ཅེས་པའི་བརྡ་མི་མཛད་ན་དབང་ཤེས་དེ་ལ་རང་ངོས་ནས་སམ་རང་གི་མཚན་ཉིད་ཀྱིས་གྲུབ་པ་སྣང་ཡང་དེ་སྣང་བའི་ཆ་ལ་ཡུལ་ཅན་གང་གིས་བསླད་པར་འཇོག་མི་ནུས་པས་བདེན་འཛིན་གྱིས་བསླད་པའི་ཚུལ་ཇི་ལྟར་བཙལ་ཡང་འཇོག་ཏུ་མེད་པས་མི་སྣང་བར་བཞེད་དོ། །ཐལ་འགྱུར་བས་ནི་རང་རྒྱུད་པའི་འདོད་པ་ལྟར་གྱི་རང་གི་མཚན་ཉིད་ཀྱིས་གྲུབ་པའམ་རང་ངོས་ནས་གྲུབ་པར་འཛིན་པའི་བློ་དེ་དགག་བྱ་ཕྲ་མོ་ཞིག་བཟུང་བའི་ཆ་ནས་མ་རིག་པར་སོང་བས་བདེན་འཛིན་ཏུ་བཞེད། དེས་ན་དབང་ཤེས་དེ་ལ་ཡུལ་རང་ངོས་ནས་གྲུབ་པ་སྟེ་དགག་བྱའི་སྣང་བ་ཡོད་པས་མ་རིག་པའམ་བདེན་འཛིན་གྱིས་བསླད་པ་ཡོད་པར་སོང་བ་ཡིན། དེས་ན་རང་ངོས་ནས་གྲུབ་པར་འཛིན་པའི་བློ་བདེན་འཛིན་བཞེད་མིན་གྱིས་རང་ངོས་ནས་གྲུབ་པར་སྣང་མིན་ལ་ཡང་བདེན་འཛིན་གྱིས་བསླད་པ་ཡོད་མེད་ལ་འཇོག་པ་དགོས་པ་འདི་དབུ་མ་པའི་ལུགས་ཀྱི་བཞེད་པ་དམ་པ་ཡིན་པས་དེ་ལས་གཞན་པའི་ཟུར་དུ་བདེན་འཛིན་གྱིས་སློད་ཚུལ་གཞན་ཇི་ལྟར་བཙལ་ཡང་ངལ་བ་འབྲས་མེད་དུ་འགྱུར་བས་དེ་ཙམ་གྱིས་ལེགས་པར་གོ་ཤེས་པར་མཛོད་ཅིག གལ་ཏེ་བདེན་འཛིན་གྱིས་བསླད་པའམ་བདེན་པ་སྣང་ན་སྐྱོན་ཇི་ལྟར་འགྱུར་ཞེ་ན། སྐྱོན་གཉིས་ལས། དང་པོ། བདེན་གྲུབ་སྣང་ན་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་མ་ཡིན་པར་ཡུལ་རང་གིས་ཐུན་མོང་མ་ཡིན་པའི་སྡོད་ལུགས་ངོས་ནས་གྲུབ་པར་སྣང་དགོས་ལ། དེ་སྣང་ན་ཐུན་མོང་མ་ཡིན་པའི་སྡོད་ལུགས་ངོས་ནས་ཡོད་པར་སྣང་དགོས་པས་འདོགས་བྱེད་ཀྱི་བློ་དང་གདགས་གཞི་གང་ལ་ཡང་ལྟོས་པ་མེད་པ་སྣང་དགོས་ཏེ། ཐུན་མོང་མ་ཡིན་པའི་སྡོད་ལུགས་ངོས་ནས་གྲུབ་པར་སྣང་ཚུལ་དེ་ལས་མ་འདས་པའི་ཕྱིར། དེ་སྣང་ན་ལྟོས་མེད་ཀྱི་སྣང་ཚུལ་ཡིན་པས་ཡུལ་དང་ཡུལ་ཅན་ལྟོས་མེད་དུ་སྣང་བ་ཙམ་དུ་མ་ཟད་ཆ་དང་ཆ་ཅན་ཡང་ལྟོས་མེད་དུ་སྣང་དགོས་ཏེ། བློ་དེ་ལ་ལྟོས་མེད་དུ་སྣང་ཚུལ་ཡོད་ན་རྣམ་པ་ཐམས་ཅད་དུ་ལྟོས་མེད་དུ་སྣང་དགོས་པས་སོ། །དེས་ན་ཆ་དང་ཆ་ཅན་ལྟོས་མེད་དེ་འབྲེལ་མེད་དུ་སྣང་བས་སྣང་ཚུལ་འདི་ནི་ཆ་དང་ཆ་ཅན་ངོ་བོ་ཐ་དད་དུ་ཟླ་བ་དང་སྐར་མ་ལྟ་བུའི་སྣང་ཚུལ་ཡིན་པས། བུམ་པའི་ཆ་དང་ཆ་ཅན་ངོ་བོ་ཐ་དད་དུ་ཐལ་ཏེ། བུམ་འཛིན་དབང་ཤེས་ལ་བུམ་པ་དང་བུམ་པའི་ཆ་ཤས་ངོ་བོ་ཐ་དད་དུ་སྣང་བས་སོ། །གཞན་ཡང་ཆ་དང་ཆ་ཅན་ངོ་བོ་ཐ་དད་སྣང་བའི་བློ་ལ་ཆ་ཤས་རགས་པའི་རྣམ་པ་ཤར་དགོས་པས་དེ་རྟོག་པ་ལ་རུང་གི་ལས་རྟོག་མེད་ལ་མི་རུང་བའི་ཕྱིར་རོ། །དེ་ཡང་ཐར་གསལ་ལས། ཆ་ཤས་རགས་པའི་རྣམ་པ་ཅན་དུ་བློ་གང་ལ་སྣང་ཡང་། ཆ་དང་ཆ་ཅན་རྣམ་པ་མི་འདྲ་བ་སྣང་བས་ཁྱབ་པས། ཆ་དང་ཆ་ཅན་ཆོས་ཅན། རྫས་ཐ་དད་དུ་ཐལ། བློ་མ་འཁྲུལ་བའི་ངོར་སོ་སོར་སྣང་བའི་ཕྱིར། ཞེས་སོ། །ཁ་ཅིག་ཐར་གསལ་གྱིས་བཤད་པ་འདིས་དབང་ཤེས་ལ་དགག་བྱ་བདེན་པ་མི་སྣང་བའི་ཤེས་བྱེད་དུ་སྦྱོར་བ་མི་འཐད་དེ། ལུགས་དེ་དབང་ཤེས་ལ་བདེན་གྲུབ་སྣང་བར་འདོད་པའི་ལུགས་སོ། །ཞེ་ན་འདི་ནི་རྟོག་མེད་ལ་ཆ་ཤས་རགས་པའི་རྣམ་པ་ཅན་དུ་མི་འཆར་ལ་དེ་ལྟར་ཤར་བའི་བློ་ལ་རྟོག་པ་ཡིན་དགོས་པའི་ཤེས་དུ་སྦྱར་བ་ཡིན་པས་བ་དང་བེའུ་མ་ནོར་བར་ཤེས་པར་མཛོད། །

གཉིས་པ་ནི། དབང་ཤེས་ལ་བུམ་པ་བདེན་གྲུབ་སྣང་ན། དེ་ལ་དངོས་པོའི་གནས་ལུགས་མཐར་ཐུག་ལས་ཡོངས་སུ་འདས་པའི་སྣང་ཚུལ་ཡོད་དགོས་ཏེ། བདེན་གྲུབ་དེ་དངོས་པོའི་གནས་ལུགས་མཐར་ཐུག་གི་དགག་བྱ་ཡིན་པས་སོ། །དེས་ན་དབང་ཤེས་ལ་བུམ་པ་ལྟ་བུ་བདེན་གྲུབ་སྣང་ན་བུམ་པ་དེ་དེའི་ངོར་གང་ལའང་ལྟོས་མེད་ཀྱི་ཚུགས་ཐུབ་ཏུ་གྲུབ་པ་སྣང་བར་འགྱུར་བས། དབང་ཤེས་དེ་ལ་བུམ་པའི་ཆ་དང་ཆ་ཅན་རྣམས་ངོ་བོ་གཅིག་པའི་སྣང་ཚུལ་ལོག་སྟེ་དེ་རྣམས་ངོ་བོ་ཐ་དད་འབྲེལ་མེད་དུ་སྣང་བར་འགྱུར་ལ། དེ་ལྟར་ན་བུམ་པའི་ཆ་དང་ཆ་ཅན་ངོ་བོ་ཐ་དད་དུ་འགྱུར་ཏེ། ངོ་བོ་གཅིག་དང་ཐ་དད་གང་ཡིན་འཇོག་བྱེད་ཀྱི་བློ་ལ་ངོ་བོ་ཐ་དད་དུ་སྣང་བས་སོ། །དེས་ན་སྣང་ཚུལ་དེ་དག་ནི་རྟོག་པའི་སྣང་ཚུལ་འབའ་ཞིག་ཏུ་ཟད་དོ། །ཁ་ཅིག དེ་ནི་མི་འཐད་དེ། བུམ་འཛིན་དབང་ཤེས་ལ་སྡོད་ལུགས་མཐར་ཐུག་ལས་འདས་པའི་སྣང་བ་ཡོད་པའི་ཕྱིར་ཏེ། ཕྱི་དོན་གྱི་སྣང་བ་ཡོད་པའི་ཕྱིར། ཁྱབ་སྟེ། ཕྱི་དོན་དེ་བུམ་པའི་སྡོད་ལུགས་ལས་ཡོངས་སུ་འདས་པའི་ཕྱིར་ཏེ། བུམ་པ་ཕྱིི་དོན་མ་ཡིན་པའི་ཕྱིར། འདི་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པའི་གྲུབ་མཐའ་ལ་བརྟེན་པའི་རིགས་པའོ། །ཡང་དབང་ཤེས་ལ་སྡོད་ལུགས་ལས་འདས་པའི་སྣང་བ་ཡོད་པའི་ཕྱིར་ཏེ། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་དབང་ཤེས་ཡོད་པའི་ཕྱིར་ཏེ། སྐྲ་ཤད་འཛག་པ་སོགས་སྣང་ན་སྡོད་ལུགས་ལས་འདས་པར་སྣང་བའི་ཕྱིར། ལེགས་ལྡན་སོགས་ཀྱི་གྲུབ་མཐའ་ལ་བརྟེན་པའོ། །ཞེས་ཟེར་བ་ཡང་མི་འཐད་དེ། ཁྱོད་དངོས་པོའི་གནས་ལུགས་ལས་ཡོངས་སུ་འདས་པ་ཡིན་ན་ཁྱོད་སྣང་ན་དངོས་པོའི་གནས་ཚོད་མཐར་ཐུག་ལས་འདས་པའི་སྣང་ཚུལ་དེ་ལྟར་ཡོད་དགོས་པ་མིན་ཏེ། དབང་ཤེས་ལ་ཕྱི་དོན་སྣང་བ་ནི་དབང་ཤེས་དེ་ལ་རྒྱང་ཆད་དུ་སྣང་བ་ཙམ་ཡིན་ལ། དེ་ལ་བདེན་གྲུབ་སྣང་བ་ནི་བུམ་འཛིན་དབང་ཤེས་ལ་བུམ་པ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་འཆར་དགོས་པས་དེ་གཉིས་མཐར་ཐུག་ཡིན་མིན་གྱི་ཁྱད་ལས་གཏན་མི་འདྲའོ། །སྐྲ་ཤད་འཛག་པར་སྣང་བ་ནི་ཡུལ་ཅན་དེ་འཕྲལ་གྱིས་སྐྱོན་ཞུགས་པ་ཙམ་གྱིས་དངོས་པོའི་གནས་ལུགས་ལས་འདས་པ་ཙམ་སྣང་ནའང་དངོས་པོའི་གནས་ལུགས་མཐར་ཐུག་ལས་ཡོངས་སུ་བརྒལ་བའི་སྣང་ཚུལ་ཡོད་པ་མིན་ནོ། །ཐལ་འགྱུར་བའི་ལུགས་ལ་དགག་བྱ་བདེན་པ་དབང་ཤེས་ལ་སྣང་བ་ནི། དབང་ཤེས་ལ་རང་གི་མཚན་ཉིད་ཀྱི་གྲུབ་པའམ་ཁོ་རང་ངོས་ནས་སྡོད་ལུགས་སུ་སྣང་ཞིང་སྣང་བ་དེ་དགག་བྱ་མཐར་ཐུག་ཡིན་པས་བདེན་འཛིན་གྱིས་བསླད་པར་འདོད་པའི་ཕྱིར་རོ། །ཡང་མཁས་པ་འགས། དབང་ཤེས་ལ་དགག་བྱ་བདེན་གྲུབ་སྣང་བ་མེད་དེ། གལ་ཏེ་ཡོད་ན་བུམ་པ་དང་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པ་སྣང་བ་དེ་ཙམ་གྱིས་སྣང་བར་འཇོག་དགོས་པས་དེ་དག་སྣང་ཚུལ་ཁྱད་མེད་འཇོག་དགོས་ལ། དེ་ལས་གཞན་དུ་བདེན་གྲུབ་སྣང་ཚུལ་འཇོག་ཏུ་མེད་དེ། ཐལ་འགྱུར་བ་ལྟར་རོ། །དེ་གཉིས་ཁྱད་མེད་དུ་འཇོག་མི་འཐད་དེ། དེ་ལྟར་ན་དབང་ཤེས་དེ་བདེན་གྲུབ་ལ་སྒྲུབ་པས་འཇུག་དགོས་ཏེ། བུམ་པ་ལ་སྒྲུབ་པས་འཇུག་པ་གང་ཞིག་དེ་གཉིས་སྒྲུབ་པས་འཇུག་ཚུལ་སོ་སོ་ནས་མེད་པས་སོ། །འདོད་པར་མི་རིགས་ཏེ། བདེན་གྲུབ་གཞི་མ་གྲུབ་པས་སོ། །ཕྱི་རོལ་གྱི་དོན་དུ་གྲུབ་པ་སྣང་བ་ལ་ནི་མི་འདྲ་སྟེ། དེ་སྣང་ཚུལ་ལོགས་སུ་ཡོད་དེ། དེ་ནི་རྒྱང་ཆད་དུ་རྣམ་པ་གཏད་པ་ཙམ་གྱིས་སྣང་བ་ཡིན་པས་སོ། །དེས་ན་བདེན་གྲུབ་ལྟར་སྒྲུབ་འཇུག་གི་དོན་མེད་དོ། །གསུངས། འདི་ནི་སྤྱིར་ལེགས་མོད་ཀྱང་གལ་ཏེ་དབང་ཤེས་ལ་བདེན་གྲུབ་སྣང་ན་བུམ་པ་དང་བདེན་གྲུབ་གཉིས་སྣང་ཚུལ་སོ་སོ་ནས་མེད་པས་དེ་གཉིས་ལ་སྒྲུབ་པས་འཇུག་པར་མཚུངས་དགོས་ན། བུམ་དང་ཕྱི་དོན་གཉིས་ལ་ཡང་སྒྲུབ་འཇུག་ཏུ་མཚུངས་པར་འགྱུར་ཏེ། དབང་ཤེས་ཚད་མ་དེ་ལ་དེ་གཉིས་སྣང་བའི་རྒྱུ་མཚན་ལས་མ་འདས་པས་སོ། །སྙམ་དུ་དོགས་སོ། །དེས་ན་དབུ་མ་ཐལ་རང་གཉིས་ཀྱི་ལུགས་ལ་དགག་བྱ་བདེན་གྲུབ་དབང་ཤེས་ལ་སྣང་བ་ཡོད་མེད་ཀྱི་རྒྱུ་མཚན་མཐར་ཐུག་པ་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་མི་ལེན་ལ་ཐུག་འདུག་གོ །དེ་ཡང་རྒྱལ་ཚབ་རྗེའི་བདེན་གཉིས་འགྲེལ་བ་ལས། རང་རྒྱུད་པའི་བཞེད་པས་རང་མཚན་སྟོང་པ་ཉིད་ཀྱི་འགལ་ཟླ་དགག་བྱའི་ཆོས་སུ་འདོད་ན། དེ་དབང་ཤེས་ལ་མི་སྣང་བར་བདེན་གཉིས་འདིར་གསལ་བར་བཤད་པ་དང་འགལ་ལོ། །ཞེས་གསུངས་པའི་ཕྱིར། ལུང་འདིས་རང་རྒྱུད་པའི་བཞེད་པའི་རང་གི་མཚན་ཉིད་ཀྱིས་གྲུབ་པ་དགག་བྱར་འདོད་ན་ཐལ་འགྱུར་བ་ལྟར་དགག་བྱ་བདེན་གྲུབ་དབང་ཤེས་ལ་སྣང་བ་ཡོད་དགོས་པ་དང་། དེ་འདོད་ན། བདེན་གཉིས་དང་འགལ་བར་འགྱུར་བས་མི་འཐད་པར་གསུངས་ཤིང་། རང་རྒྱུད་པས་རང་མཚན་དགག་བྱར་ཁས་མི་ལེན་པས་དགག་བྱ་བདེན་པ་དབང་ཤེས་ལ་སྣང་བ་མེད་པར་གསུངས་འདུག་ལ། རང་རྒྱུད་པས་རང་མཚན་ཁས་བླངས་པའི་གནད་ཀྱིས་དགག་བྱ་བདེན་གྲུབ་དབང་ཤེས་ལ་སྣང་བའི་རྒྱུ་མཚན་ཅི་ཡང་མེད་པ་ནི་གནད་དོན་པོ་ཡིན་ནོ། །

འདིར་སྨྲས་པ། རྒྱ་ཆེན་གཞུང་ལུགས་དག་ལ་ཉིན་དང་མཚན། ། ཅི་ནུས་ཐོས་བསམ་ཞུགས་པའི་དགེ་སྦྱོང་ངས། ། ཡང་དག་ལུང་རིགས་ལམ་ནས་ཐལ་སྒྲ་ཡིས། ། གཏན་ལ་ཕབ་པའི་གྲུབ་དོན་འདི་བྱས་སོ། ། གཏིང་ཟབ་རྒྱ་ཆེའི་འཕགས་བོད་པཎ་གྲུབ་གཞུང་། ། ལན་གཅིག་ཙམ་ཡང་དགོངས་དོན་འགྲེལ་བ་འདིས། ། ཚིག་གི་མཁར་བར་མི་བརྟེན་མཁས་རྒུའི་སྡེ། ། གཟུར་གནས་རྣམ་དཔྱོད་ཅན་ཚོར་དོན་ཡོད་འགྱུར། ། ཚུལ་འདི་བསམ་ན་མདུན་མ་ལེགས་ནས་གདའ། ། དེ་ཡང་བཀའ་དྲིན་ཅན་གྱི་བཤེས་གཉེན་དང་། ། གཞུང་བརྒྱ་སྨྲ་མཁས་ཆོས་ཀྱི་གྲོགས་རྣམས་ཀྱི། ། བཀའ་དྲིན་ཉིད་དུ་འཁུམས་པས་ངང་ཚུལ་ལགས། ། ཞེས་དགག་བྱ་བདེན་པ་དབང་ཤེས་ལ་སྣང་མིན་ཐད་ལ་དེང་གི་རིགས་སྨྲ་འགས་རང་འདོད་བཞིན་དུ་འོལ་ཚོད་ཀྱིས་རང་གི་རྟོག་ངོར་སྒྲོ་བཏགས་འབའ་ཞིག་གིས་རྗེ་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་གསུང་ལ་རྩིས་མེད་པར་རང་དགར་བོར་ཏེ་རང་རྒྱུད་པའི་ལུགས་འདིར་དགག་བྱ་བདེན་པ་དབང་ཤེས་ལ་སྣང་བའི་སྒྲུབ་བྱེད་ལྟར་སྣང་མང་དག་ལྡོག་པ་གཅིག་པའི་དཔུང་འཕུལ་བ་དང་། ཡང་འགའ་ཞིག་ནི་མི་སྣང་བའི་ཚུལ་ཕྱི་ཅི་ལོག་ཏུ་བཤད་པ་མང་དུ་སྣང་བས། དེ་དག་ལ་ལེགས་པར་དཔྱད་དེ་རང་གི་ཤེས་རབ་འཕེལ་ཕྱིར་དུ་དགག་རྩོམ་རྨོངས་པའི་དྲ་བ་གཅོད་པའི་རལ་གྲི་ཞེས་བྱ་བའི་རེག་ཟིན་འདི་སེར་ལྷོ་རྒྱལ་བསྟན་ཆོས་ཚོགས་སམ་རོང་དྷརྨ་ཀཱ་ཡ་རུ་འབོད་པས་མཁས་གྲུབ་སྔ་མའི་བཞེད་ཚུལ་དང་། དེའི་དོན་གྱི་གནད་རྣམས་རང་གི་གོ་ཚོད་ཅིག་བཤད་པ་ཡིན་པས་རྗེ་ཐམས་ཅད་མཁྱེན་པར་བགྱེས་པའི་མཆོད་པ་འབུལ་ལོ། །དགེའོ། །

展开阅读全文


阅读 2120 投诉
糖水设置
原创标注
隐藏封面
图片留白
水印
权限
保护 
私密 
公开 

 访客只有输入正确答案才能阅读 
确定
热门评论
写评论

糖水作者
关注本文作者,TA的更多作品
རོང་࿐རིགས་རལ།
创作 8 粉丝 8
关注
查看个人主页
推荐原创
我写我读,原创是内容的灵魂
浏览更多精彩内容

本页面内容由用户上传 | 用户协议

© 2014-2026 糖水APP

忘记密码
0
收藏
投诉
取消
操作
发送
×

作者还没有开通赞赏功能

×

你还没有开通赞赏功能

糖水赞赏实时到账、0手续费