རོང་࿐རིགས་རལ།
+ 关注 已关注 相互关注
12月24日 2016

༄༅། །ཤིང་རྟའི་སྲོལ་འབྱེད་དང་རིགས་ཚོགས་སྐོར་ལ་དཔྱད་པ་བློ་གསལ་མགུལ་རྒྱན་གསེར་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །རྩོམ་པ་པོ་སེར་ལྷོ་རྒྱལ་བསྟན་ཆོས་ཚོགས།

༄༅། །ཤིང་རྟའི་སྲོལ་འབྱེད་དང་རིགས་ཚོགས་སྐོར་ལ་དཔྱད་པ་བློ་གསལ་མགུལ་རྒྱན་གསེར་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། མཚན་དཔེ་གསལ་རྫོགས་འོད་སྟོང་འབར་བའི་སྐུ། ། ཡན་ལག་དྲུག་ཅུའི་དབྱངས་སྙན་ཟབ་གསལ་གསུང་། ། སྐུ་གསུམ་མངོན་གྱུར་ལྷུན་གྱིས་གྲུབ་པའི་ཐུགས། ། རྣམ་འདྲེན་ཤཱཀྱ་སེང་གེ་རྒྱལ་གྱུར་ཅིག ། རྒྱལ་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི ། དྲང་དང་ངེས་པའི་དོན་རྣམས་གསལ་བྱེད་པ། ། སྟོན་མཆོག་གཉིས་པར་གྲགས་པ་ཀླུ་ཡི་ཞབས། ། མཐའ་བྲལ་སྨྲ་བའི་དབང་པོ་ཕྱག་གི་ཡུལ། ། ཐེག་པ་ཆེན་པོའི་ཟབ་དང་རྒྱ་ཆེའི་ཚུལ། ། དབུ་མ་རིགས་པའི་ཚོགས་དྲུག་ཤིང་རྟ་པས། ། འཁྲུལ་མེད་ཤིང་རྟའི་ལམ་དུ་དྲངས་མཛད་པ། ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་འཛམ་གླིང་རྒྱན། ། རྒྱ་ཆེན་གཞུང་བརྒྱའི་དགོངས་དོན་ཡོངས་རྫོགས་པ། ། དངོས་སྟོབས་རིགས་པའི་སྤྱན་གྱིས་ལེགས་གཟིགས་ནས། ། རིགས་ལམ་སྟོང་གིས་ལེགས་པར་འདོམས་མཛད་པ། ། སྨྲ་བའི་གཙུག་རྒྱན་ཙོང་ཁ་པ་ལ་འདུད། ། ཆོ༷ས་ཀྱི༵་སྒྲ་ཡིས་ཆོས་མིན་རྩད་ནས་བཅད། ། དྲི་མེད་རིགས་པས་བསྟན་པའི་རྒྱ༷ལ་མཚ༷ན་འཛིན། ། ཁམས་གསུམ་ཟིལ་གནོན་རྩོད་པའི་སྟངས་སྟབས་ཅན། ། རིགས་པའི་དབང་ཕྱུག་ཆོས་ཀྱི་རྒྱལ་མཚན་རྒྱལ། ། རྨད་བྱུང་ལེགས་བཤད་ཆུ་གཏེར་རྒྱ་མཚོ་འཁྱིལ། ། ཟབ་གསལ་གསུང་གི་རྦ་རླབས་ཆེས་ཆེར་གཡོ། ། རྣམ་དག་མཁྱེན་བརྩེ་ནོར་བུ་འོད་སྟོང་འཕྲོ། ། ཕྱོགས་ལས་རྣམ་པར་རྒྱལ་བ་གོང་ས་མཆོག ། ཐོག་མེད་དུས་ནས་མ་རིག་རྨོངས་པ་ཡིས། ། བློ་གྲོས་རབ་ཏུ་བསྒྲིབས་པའི་དམུས་ལོང་བདག ། ཐར་པའི་ལམ་མཆོག་གསལ་བར་སྟོན་མཛད་པ། ། བཀའ་དྲིན་ཅན་གྱི་བཤེས་གཉེན་རྣམས་ལ་འདུད། ། རྒྱ་ཆེན་གཞུང་ལུགས་མཐའ་ཡས་རྒྱ་མཚོ་ཡི། ། གཏིང་མཐའ་བྲལ་བའི་ཟབ་དང་རྒྱ་ཆེའི་ཆོས། ། བདག་བློ་ངང་པས་ཕ་མཐར་སོན་དཀའ་ཡང་། ། སེམས་ཀྱི་ངོས་སུ་འཆར་བའི་རི་མོ་འབྲི། །

དེ་ཡང་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་ཆོས་ཀྱི་ཕུང་བོ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ནི་གདུལ་བྱ་རྣམས་མངོན་མཐོ་དང་ངེས་ལེགས་ལ་འགོད་པའི་ཐབས་འབའ་ཞིག་ཡིན་ལ། དེ་ཡང་མཐར་ཐུག་གི་བསྒྲུབ་བྱ་ནི་ངེས་ལེགས་དང་མངོན་མཐོ་ནི་དེ་སྒྲུབ་པའི་ཡན་ལག་ཙམ་མོ། །དེ་ལ་ངེས་ལེགས་སྒྲུབ་པའི་ཐབས་དམ་པ་ནི་མདོ་སྡེ་དག་གི་དོན་གཏན་ལ་ཕབ་པའི་སྒོ་ནས་ལམ་བསླབ་པ་གསུམ་ལ་སློབ་པ་ཉིད་ཡིན་ལ། དེ་ཡང་རང་སྡེ་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བའི་ཤིང་རྟའི་སྲོལ་འབྱེད་དག་གིས་མདོ་སྡེ་ལ་དྲང་ངེས་ཀྱི་ཚུལ་སྣ་ཚོགས་སུ་ཕྱེས་ནས་གསུང་རབ་ཀྱི་དགོངས་པ་བཀྲལ་ཞིང་། དེ་དག་གི་རྗེས་སུ་འབྲངས་ནས་རང་རང་གི་ལྟ་གྲུབ་སྨྲ་བར་བྱེད་དོ། །དེས་ན་རང་སྡེའི་གྲུབ་མཐའ་སྨྲ་བ་དེ་ལ་བཞི་ཁོ་ནར་ངེས་ཏེ། རྒྱུད་རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་ལ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་གསུངས་པ་ལྟར་བདག་ཅག་གི་སྟོན་པའི་རྗེས་སུ་འབྲང་བའི་གྲུབ་མཐའ་སྨྲ་བ་དེ་ལ་བཞི་ལས་ལོགས་སུ་གྱུར་པའི་གྲུབ་མཐའ་སྨྲ་བ་ལྔ་པ་ཞིག་མེད་པར་གསུངས་སོ། །དེ་ཐམས་ཅད་ཀྱང་སྟོན་པ་ཐུབ་པའི་དབང་པོའི་ཐེག་པ་ཆེ་ཆུང་གི་གསུང་རབ་ཀྱི་དགོངས་པ་རང་རང་གི་ཤིང་རྟའི་སྲོལ་འབྱེད་རེས་ངེས་པར་བཀྲལ་བའི་རྗེས་སུ་འབྲངས་ནས་དམ་འཆའ་བ་མ་གཏོགས་སྣང་བ་གང་དྲན་གྱིས་གྲུབ་མཐའ་འཆའ་བ་ནི་མིན་ནོ། །དེས་ན་ཐེག་དམན་གྱི་ཤིང་རྟའི་སྲོལ་འབྱེད་དང་ཐེག་ཆེན་གྱི་ཤིང་རྟའི་སྲོལ་འབྱེད་ནི། དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོའི་ཞལ་སྔ་ནས། ཐེག་ཆེན་གྱི་ཤིང་རྟའི་སྲོལ་འབྱེད་ནི་ཀླུ་སྒྲུབ་དང་ཐོགས་མེད་གཉིས་སུ་གྲགས་ཆེ་ཤིང་དེ་གཉིས་ཀྱིས་འཛམ་བུ་གླིང་འདིར་མིའི་ཤ་ཚུགས་ཅན་གྱི་འགྲེལ་བྱེད་གཞན་ལ་མ་བརྟེན་པར་བཀའ་ཡི་དགོངས་པ་རང་དབང་དུ་བཀྲལ་བས་ཤིང་རྟའི་སྲོལ་འབྱེད་ཅེས་གྲགས་ལ་དེ་གཉིས་ཀྱིས་གཙོ་བོར་ཐེག་ཆེན་གྱི་སྲོལ་ཕྱེས་ཤིང་། ཞར་ལ་ཐེག་དམན་གྱི་སྲོལ་ཡང་ཕྱེས་པ་ཡིན་ཞེས་ད་ལྟ་གྲགས་ཆེ་ཡང་ཐེག་དམན་གྱི་བཀའ་ཡི་དགོངས་པ་འགྲེལ་བའི་སྲོལ་ནི་ཐོག་མར་མངོན་པ་སྡེ་བདུན་པོ་དེ་ཉིད་ཀྱིས་ཕྱེ་བར་སེམས་སོ། །ཞེས་གསུངས་སོ། །ཇི་སྐད་དུ། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུ། །གདགས་པའི་བསྟན་བཅོས་མོའུ་འགལ་བུ། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཡེ་ཤེས་ལ་འཇུག་ཀཏྱའི་བུ། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །ཡང་དག་འགྲོ་བའི་རྣམ་གྲངས་ནི། །གསུས་པོ་ཆེ་ཡིས་བྱས་ཞེས་གྲགས། །འདི་མཆིམས་འཇམ་པའི་དབྱངས་ཀྱིས་སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱི་གཞུང་ལས་འབྱུང་བ་སྡོམ་དུ་བསྡུས་པའོ། །སློབ་དཔོན་གང་སྤེལ་ནི་འགྲོ་བའི་རྣམ་གྲངས་ཤཱ་རིའི་བུས་བྱས་པར་འཆད་དོ་གསུངས། དེས་ན་ཐེག་པ་ཆེ་ཆུང་གཉིས་ཀའི་ཤིང་རྟའི་སྲོལ་འབྱེད་ནི་དེ་ལྟར་ཡིན་ལ། ཐེག་ཆེན་ལ་ཡང་དབུ་མ་ཐལ་འགྱུར་བ་དང་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་བཅས་ཀྱི་ཤིང་རྟའི་སྲོལ་འབྱེད་ནི་གོ་བར་ཟད་ལ། སེམས་ཙམ་རྣམ་བདེན་པའི་ཤིང་རྟའི་སྲོལ་འབྱེད་ནི་སློབ་དཔོན་དབྱིག་གཉེན་དང་། རྣམ་རྫུན་པའི་ཤིང་རྟའི་སྲོལ་འབྱེད་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡིན་པ་འོལ་ཁ་རྗེ་དྲུང་པས་གསུངས་པ་ལྟར་རོ། །གྲུབ་མཐའ་ཁག་གི་ཤིང་རྟའི་སྲོལ་འབྱེད་དེ་ལྟར་ཡིན་ཀྱང་། ད་ལྟར་ཤིང་རྟའི་སྲོལ་འབྱེད་ཅེས་གྲགས་པ་ནི་དབུ་སེམས་ཀྱི་དེ་ལ་བྱ་སྟེ། དབུ་སེམས་ཀྱི་ལྟ་གྲུབ་ཐོག་མར་གསལ་བར་བཀྲལ་བས་སྲོལ་འབྱེད་དོ། །འདི་ལ་དབུ་སེམས་ཀྱི་ཤིང་རྟའི་སྲོལ་འབྱེད་གཉིས་ལས་ཕུང་གསུམ་པ་ཞིག་ནི་མེད་དོ། །དེས་ན་ཤིང་རྟའི་སྲོལ་འབྱེད་ཀྱི་དོན་ནི། འཇམ་དབྱངས་རྣམ་སྤྲུལ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་དབུ་མའི་སྤྱི་དོན་སྐལ་བཟང་མགུལ་རྒྱན་ལས། འཛམ་བུ་གླིང་དུ་མིའི་བྱད་གཟུགས་ཅན་གྱི་འགྲེལ་བྱེད་གཞན་ལ་མ་ལྟོས་པར་བཀའི་དགོངས་པ་རང་དབང་དུ་བཀྲལ་བས་ཤིང་རྟའི་སྲོལ་འབྱེད་དུ་གསུངས་ན་ལམ་སྲོལ་དེ་ཐོག་མར་འཛམ་བུ་གླིང་དུ་བཀྲལ་དགོས་པར་གསལ་ལོ། །གསུང་འདིས་རྗེ་བཙུན་བྱམས་པ་ཤིང་རྟའི་སྲོལ་འབྱེད་ཡིན་པ་ཁེགས་སོ། །གལ་ཏེ་མཁས་པ་འགས་སེ་ར་རྗེ་བཙུན་པས་རྗེ་བཙུན་བྱམས་པ་ཤིང་རྟའི་སྲོལ་འབྱེད་དུ་བཞེད་ཅེས་པའང་སྣང་བས་དེ་དག་ཇི་ལྟར་ཡིན་སྙམ་ན། ཕར་ཕྱིན་སྐབས་དང་པོའི་སྤྱི་དོན་ལས། རང་ལུགས་ནི་ཤེར་ཕྱིན་མདོ་ཡི་དགོངས་འགྲེལ་དུ་གྱུར་པའི་ཤིང་རྟའི་སྲོལ་འབྱེད་ལ་གཉིས་ཡོད་དེ། མགོན་པོ་ཀླུ་སྒྲུབ་ཀྱིས་ཇི་ལྟར་བཀྲལ་བའི་ཚུལ་དང་། རྗེ་བཙུན་བྱམས་མགོན་གྱིས་ཇི་ལྟར་བཀྲལ་བའི་ཚུལ་གཉིས་སུ་ཡོད་པའི་ཕྱིར། ཞེས་པའི་གསུངས་འདི་ལ་དགོངས་པ་འདྲའོ། །དེ་ཡང་རང་ལུགས་ཀྱིས་མངོན་རྟོགས་རྒྱན་དེ་ཤེར་ཕྱིན་མདོའི་དགོངས་འགྲེལ་དུ་གྱུར་པའི་ཤིང་རྟའི་སྲོལ་འབྱེད་དུ་གསུངས་པས་དེ་ལྟར་ན་དེ་རྩོམ་པ་པོ་དེ་ཤིང་རྟའི་སྲོལ་འབྱེད་དུ་བཞེད་པར་འདུག་སྙམ་ནས་འོས་མེད་དུ་བྱས་འདུག་ན། དེ་མི་འཐད་དེ། རྗེ་བཙུན་པས་ཤིང་རྟའི་སྲོལ་འབྱེད་གཉིས་ལས་མི་བཞེད་པ་ཡང་དེ་ཉིད་ལས། དེས་ན་བཀའ་ཡི་དགོངས་པ་འགྲེལ་བ་ལ་ཚད་མར་གྱུར་པའི་ཤིང་རྟའི་སྲོལ་འབྱེད་ནི་གཉིས་ཏེ། ཞེས་གསུངས་སོ། །དེ་དག་རྗེ་བཙུན་པའི་གསུང་ལ་དཔྱད་པ་ལེགས་པོར་མ་ཞུགས་པའི་གཏམ་ཉིད་དུ་འཁུམས་སོ། །

འཁོན་སྟོན་འགྲེལ་ཊཱིག་ཏུ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་གསུང་ཐོར་བུ་ལས། རྗེ་བཙུན་བྱམས་མགོན་གྱིས་དགའ་ལྡན་དུ་ཡུམ་གྱི་མདོའི་ཤིང་རྟའི་སྲོལ་ཕྱེ་བའི་དོན་ཡིན་གསུངས་པ་ཡང་དཔྱད་དགོས་ཏེ། གསུང་ཐོར་བུ་དེ་གང་ཡིན་དང་། དགའ་ལྡན་དུ་ཡུམ་གྱི་མདོའི་སྦས་དོན་གྱི་ཆ་སྲོལ་འབྱེད་དགོས་མིན་སོགས་ལ་དོགས་སོ། །མ་ཟད་རྗེ་ཡབ་སྲས་གང་གིས་ཀྱང་རྗེ་བཙུན་བྱམས་པ་ཤིང་རྟའི་སྲོལ་འབྱེད་དུ་མི་བཞེད་དོ། །གལ་ཏེ་གསེར་ཕྲེང་ལས་ཞེས་བྱ་བ་ཡང་གནས་སོ་ཞེས་རྒྱན་དང་རིགས་ཚོགས་གཉིས་ཤེར་མདོའི་དགོངས་འགྲེལ་ཐུན་མོང་མིན་པ་ཐོག་མར་བཀྲལ་བ་བོད་སྔ་མའི་འདོད་པ་གནས་པ་དང་ཡང་སྒྲས་དེའི་མཛད་པ་པོ་ཡང་སྔ་མའི་བཞེད་པ་ལྟར་སྲོལ་འབྱེད་དུ་བཞེད་པའི་དོན་ནོ། །ཞེ་ན་གཏན་ནས་མིན་ཏེ། ཡང་སྒྲས་བཤད་མ་ཐག་པའི་ཆོས་བཤེས་ཀྱི་བཞེད་པ་དེ་སྡུད་པ་གསེར་ཕྲེང་ལས་གསལ་ལོ། །དེས་ན་ལུང་རིགས་གང་གིས་ཀྱང་རྗེ་བཙུན་བྱམས་པ་ཤིང་རྟའི་སྲོལ་འབྱེད་དུ་མི་འགྲུབ་ལ་བཞེད་ནའང་ལུང་རིགས་གཉིས་ཀྱིས་གནོད་པ་འབབ་པས་ཞིབ་ཏུ་ངག་ལས་ཤེས་པར་བྱའོ། །ཤིང་རྟའི་སྲོལ་འབྱེད་བཞི་བཞེད་པའི་བོད་སྔ་མ་ནི་བུ་སྟོན་རིན་པོ་ཆེ་ཡིན་པར་གསལ་ཏེ། ཉ་ཊཱིག་ལས། དེ་ལྟར་བཞི་པོ་འདིས་ཤིང་རྟའི་སྲོལ་དང་འདྲ་བར་ཡུམ་གྱི་དགོངས་པ་འགྲེལ་བའི་ཚུལ་འགྲེལ་བ་གཞན་ལ་མ་ལྟོས་པར་སྲོལ་འབྱེད་པར་བྱེད་དོ་ཞེས་ཆོས་རྗེ་བུ་སྟོན་གསུངས་ཏེ། ཞེས་སོ། །དེ་ཡང་འདིར་གཙོ་བོ་ནི་ཤིང་རྟ་ཆེན་པོ་གཉིས་ལས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཤིང་རྟའི་སྲོལ་འབྱེད་དུ་ལུང་བསྟན་གྱི་མདོ་རྒྱུད་སྐོར་དང་དེའི་མཛད་པའི་རིགས་ཚོགས་སྐོར་འཆད་པར་བྱ་བ་ཡིན་པས་དེ་ལ་ཐོག་མར་ནཱ་གཱ་ནི་ཀླུ་དང་། རྫུ་ན་སྲིད་སྒྲུབ་ལ་འཇུག་པ་ལས། སྲིད་མི་མངོན་པར་བྱས་ཏེ་ཀླུ་སྒྲུབ་ཅེས་མཚན་གསོལ་ལོ། །དེ་ཡང་དཔལ་ལྡན་ཟླ་བའི་འགྲེལ་བ་ཚིག་གསལ་ལས། གང་ཞིག་མཐའ་གཉིས་གནས་ལ་གནས་བསལ་ཞིང་། །རྫོགས་སངས་རྒྱས་བློ་རྒྱ་མཚོར་སྐྱེ་བ་བརྙེས། །དམ་ཆོས་མཛོད་ཀྱི་ཟབ་མོ་ཉིད་ཇི་ལྟར། །རྗེས་སུ་རྟོགས་བཞིན་ཐུགས་རྗེས་སྟོན་པར་མཛད། །གང་གིས་ལྟ་བའི་མེ་དག་གིས། །ད་དུང་ཕས་རྒོལ་གཞུང་ལུགས་ཀྱི། །བུད་ཤིང་དང་ནི་འཇིག་རྟེན་གྱི། །ཡིད་ཀྱི་མུན་རྣམས་འཇོམས་པར་མཛད། །གང་གི་གཉིས་མེད་ཡེ་ཤེས་གསུང་མདའི་ཚོགས། །ལྷ་དང་བཅས་པའི་གདུལ་བྱའི་འཇིག་རྟེན་ལ། །ཁམས་གསུམ་དག་ཏུ་རྒྱལ་ཐབས་ལེགས་མཛད་པས། །སྲིད་པའི་དགྲ་སྡེ་མ་ལུས་འཇོམས་མཛད་པའི། །ཀླུ་སྒྲུབ་དེ་ལ་ཕྱག་འཚལ་ནས་ནི་དེའི། །ཞེས་གསུངས་པ་ལྟར་ཀླུ་དང་ཆོས་མཚུངས་པའི་སྒོ་ནས་བསྟོད་དེ། ཀླུ་ཞེས་པས་ལྟ་བ་ངན་པའི་རྟག་ཆད་ཀྱི་མཐའ་ལ་མི་གནས་པ་དང་། ཐེག་པ་ཆེན་པོའི་མངོན་པར་རྟོགས་པའི་རྒྱ་མཚོར་སྐྱེ་བ་བརྙེས་པ་དང་། ལུང་གི་བསྟན་པའི་བང་མཛོད་ཀྱི་བརྗོད་བྱ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་རིན་པོ་ཆེ་ལ་མངའ་བརྙེས་པ་དང་། བདག་མེད་པར་ལྟ་བ་ལས་བྱུང་བའི་རིགས་པའི་མེས། རང་གཞན་གྱི་སྡེ་པའི་གྲུབ་མཐའ་ངན་པའི་བུད་ཤིང་མ་ལུས་པར་བསྲེགས་པ་དང་། གྲུབ་མཐས་མ་བསླད་པ་འཇིག་རྟེན་ཐ་མལ་པའི་ཡིད་ཀྱི་མུན་པ་སེལ་བར་མཛད་པ་སྟེ་ལྔས་ཀླུ་དང་མཚུངས་པ་དང་། སྲིད་སྒྲུབ་ཞེས་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གསུང་དྲང་ཞིང་འབིགས་པ་རྒྱལ་པོ་སྲིད་སྒྲུབ་ཀྱི་མདའ་དང་འདྲ་བ་ཉིད་ཀྱིས། གདུལ་བྱ་ལྷ་དང་བཅས་པའི་འཇིག་རྟེན་ལ་ཁམས་གསུམ་དུ་སྲིད་པའི་དགྲ་སྡེ་མ་ལུས་པ་བཅོམ་ནས་ཆོས་ཀྱི་རྒྱལ་སྲིད་གཏོད་པར་མཛད་པ་སྟེ་གཉིས་ཀྱིས་སྲིད་སྒྲུབ་དང་ཆོས་མཚུངས་པར་བསྟན་པ་ཡིན་ནོ། །དེས་ན་མགོན་པོ་འདི་ལ་ལུང་བསྟན་གྱི་མདོ་རྒྱུད་ཆེས་ཤིན་ཏུ་མང་ལ། གཙོ་བོ་ནི་རྗེ་རིན་པོ་ཆེའི་རྩ་ཤེའི་འགྲེལ་བ་དང་རྒྱལ་ཚབ་རྗེའི་རིན་ཆེན་ཕྲེང་བའི་འགྲེལ་བ་སོགས་སུ་ལང་གཤེགས་དང་། མདོ་སྤྲིན་ཆེན། རྔ་བོ་ཆེའི་མདོ། འཇམ་དཔལ་རྩ་རྒྱུད་བཅས་སྣང་བས་སོ། །དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་འདི་ཀླུ་སྒྲུབ་ལུང་བསྟན་དུ་རྗེ་བཙུན་པས་གསུངས་ཀྱང་རྗེ་ཡབ་སྲས་ཀྱི་གཞུང་དུ་མི་སྣང་བར་མངོན་པས་མཁས་པ་འགས་འདི་སྟོན་པ་མྱ་ངན་ལས་འདས་ནས་དུས་ཕྱིས་བརྩམས་པར་གསུངས་ན་དོགས་པའི་གནས་ཆེ་བས་དཔྱད་པར་བྱའོ། །འཇམ་དཔལ་རྩ་རྒྱུད་ལས་ལོ་དྲུག་བརྒྱ་བཞུགས་པ་དང་རབ་ཏུ་དགའ་བའི་ས་ཐོབ་ཅེས་ས་དང་པོའི་མིང་དངོས་སུ་གསུངས་པ་དང་། ལང་གཤེགས་ལས། རབ་དགའི་ས་སྒྲུབ་པ་དང་། རྔ་བོ་ཆེའི་མདོ་ལས་ས་བདུན་པ་དང་། ལམ་སྒྲོན་རང་འགྲེལ་དུ་ས་བརྒྱད་པ། རིགས་པ་དྲུག་ཅུ་པའི་འགྲེལ་བར་སངས་མ་རྒྱས་པ། སྒྲོན་གསལ་དུ་སྐུ་ཚེ་དེ་ལ་སངས་རྒྱས་པར་གསུངས་པ་རྣམས་ཇི་ལྟར་ཡིན་ཞེ་ན། འཇམ་དཔལ་རྩ་རྒྱུད་ལས་ས་དང་པོ་གསུངས་པ་དེ་སྔགས་བླ་མེད་ཀྱི་དབང་དུ་བྱས་པའི་སྐུ་ཚེ་སྟོད་དང་། ལང་གཤེགས་ལས་ས་དང་པོ་གསུངས་པ་དེ་སྔགས་ལུགས་ལ་མི་འཐད་དེ། ཕར་ཕྱིན་ཐེག་པའི་མདོ་ལས་སྔགས་ལུགས་ཀྱི་རྣམ་བཞག་མི་མཛད་པའི་ཕྱིར། དེས་ན་གདུལ་བྱ་ཐུན་མོང་བའི་དབང་དུ་བྱས་སོ། །རྔ་བོ་ཆེ་ལས་ས་བདུན་པར་གསུངས་པ་དེ་ཕར་ཕྱིན་ཐེག་པའི་ལུགས་ཀྱི་སྐུ་ཚེ་སྟོད་དང་། ལམ་སྒྲོན་རང་འགྲེལ་ལས་ས་བརྒྱད་པ་གསུངས་པ་ནི་ཕར་ཕྱིན་ཐེག་པའི་ལུགས་ཀྱི་སྐུ་ཚེ་སྨད་ལ་ས་བརྒྱད་པ་བ་ཡིན་ཞེས་པའི་དོན་ནོ། །རིགས་པ་དྲུག་ཅུ་པའི་འགྲེལ་བར་སྐུ་ཚེ་མཐར་མ་ཕྱིན་པར་གསུངས་པ་ནི་རང་འགྲེལ་དང་མཐུན་ལ་ཕར་ཕྱིན་ཐེག་པ་རྐྱང་པས་ལམ་བགྲོད་པ་མཐར་མ་ཕྱིན་པ་ལ་དགོངས་སོ། །དངོས་པོའི་གནས་ཚོད་ལ་སྒྲོན་གསལ་ལས་གསུངས་པ་ལྟར་སྐུ་ཚེ་དེ་ཉིད་ལ་སྐུ་བཞིའི་གོ་འཕང་མངོན་དུ་མཛད་ཟིན་ཏོ། །ཡང་ན་རྔ་བོ་ཆེ་དང་ལམ་སྒྲོན་རང་འགྲེལ་སྒྲོན་གསལ་ལས་གསུངས་པ་ནི་རིམ་བཞིན་སྐུ་ཚེ་སྟོད་ལ་ས་བདུན་པ་དང་། སྐུའི་དཀྱིལ་སྟོད་ལ་ས་བརྒྱད་པ། དངོས་པོའི་གནས་ཚོད་ལ་སངས་རྒྱས་ཡིན་པ་ལ་བཞེད་ནའང་ཆོག་སྙམ་མོ། །

མདོ་སྤྲིན་ཆེན་ལས། ལོ་བཞི་བརྒྱ་ལོན་པ་ན་ཞེས་ཀླུའི་ཞབས་མགོན་པོ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཕེབས་ཞེས་པ་ལོ་ཕྱེད་ལོ་ལ་བརྩིས་པའི་ལོར་བྱེད་དགོས་ཏེ། དགོངས་འགྲེལ་གྱི་འགྲེལ་ཆེན་ལས་ལོ་ཉིས་བརྒྱ་ལོན་ནས་ཕེབས་གསུངས་པས་སོ། །འགྲེལ་ཆེན་འདིས་རྣལ་འབྱོར་སྤྱོད་པའི་ས་འཕགས་པ་བྱམས་པས་མཛད་པ་དང་ཀླུ་སྒྲུབ་ལོ་ཉིས་བརྒྱ་ལོན་ནས་ཕེབས་པར་གསུངས་པ་དག་དཔེར་བཀོད་ནས་ཆོས་རྗེ་ངག་དབང་དཔལ་ལྡན་པས་འགྲེལ་བ་འདི་ལ་ཡིད་རྟོན་མེད་ཅེས་དགག་པ་མཛད་མོད་ཀྱང་མི་འཐད་དེ། རྗེ་བདག་ཉིད་ཆེན་པོའི་ཀུན་གཞི་དཀའ་འགྲེལ་དུ་དེ་གཉིས་ཀ་འཐད་ཕྱོགས་སུ་མཛད་དོ། །དེས་ན་རྣལ་འབྱོར་སྤྱོད་པའི་ས་ཞེས་པ་ནི་བྱམས་ཆོས་སྡེ་ལྔ་ལ་གཙོ་ཆེ་བའི་དབང་དུ་བྱས་ནས་བཏགས་སོ། །ཆོས་རྗེ་དཔལ་ལྡན་པས་འཇམ་དཔལ་རྩ་རྒྱུད་ལས། ལོ་ནི་དགུ་བརྒྱ་ལོན་པ་ན། །ཞེས་ཐོགས་མེད་ལུང་བསྟན་གྱི་ཚིག་འདི་མདོ་དེ་ཉིད་ལས་མི་འབྱུང་བ་དང་། རྗེ་ཡབ་སྲས་ཀྱི་གཞུང་གང་དུའང་དྲངས་པ་མི་སྣང་ལ་མ་ཟད་དུས་འཁོར་འགྲེལ་ཆེན་དང་ཡང་མི་མཐུན་ཞེས་དགག་པ་མཛད་པ་མི་འཐད་དེ། འདི་བོད་འགྱུར་གྱི་རྩ་རྒྱུད་འགའ་ལས་མི་འབྱུང་བ་ནི་དེར་ལུང་ཚིག་ཉམས་པར་ཟད་ལ་རྗེ་བདག་ཉིད་ཆེན་པོའི་ཀུན་གཞི་དཀའ་འགྲེལ་དུ་ལོ་དགུ་བརྒྱ་ལོན་ནས་ཕེབས་པར་དགོངས་འགྲེལ་གྱི་འགྲེལ་ཆེན་ལས་བཤད་པ་འཐད་ཕྱོགས་སུ་མཛད་པ་ལས། ལོ་ནི་དགུ་བརྒྱ་ལོན་པ་ན། །ཞེས་པའི་མདོ་ཚིག་དངོས་སུ་ཡོད་པར་ཞལ་གྱིས་བཞེས་ལ། །དུས་འཁོར་འགྲེལ་ཆེན་དྲི་མེད་འོད་དུ་ལུང་དེ་དྲངས་ནས་ལོ་དགུ་བརྒྱ་ལོན་ནས་ཕེབས་ཞེས་པ་ཉིད་ཀྱི་གྲུབ་མཐའ་མཆན་ལས་གསལ་ལ། རྗེ་བདག་ཉིད་ཆེན་པོའི་འགྲེལ་ཆེན་དེ་འཐད་ཕྱོགས་སུ་མཛད་པས་ཀྱང་རྗེའི་གསུང་ལས་འབྱུང་ན་ཉིད་ཀྱི་དགག་པ་དེ་མི་རིགས་སོ། །སྟོན་པ་མྱ་ངན་ལས་འདས་ནས་ལོ་བདུན་བརྒྱ་དང་བརྒྱད་བརྒྱའི་བར་དུ་ཕེབས་པའི་རིགས་ལྡན་པད་དཀར་གྱིས་བརྩམས་པའི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་མཛད་པ་དང་བཞིར་ངེས་པ་བྱམས་པས་གསུངས་པ། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །ཞེས་སོགས་མངོན་རྟོགས་རྒྱན་གྱི་ལུང་དྲངས་པ་དང་། ཕྱི་སྣོད་ཀྱི་རྣམ་བཞག་མཛོད་དང་འགལ་སྤོང་དང་། དེ་ཉིད་ལས། སངས་རྒྱས་པའི་མཛོད་མཐོང་ནས་འཁྲུལ་བར་མི་བྱ། ཞེས་གསུངས། དེར་མཛོད་ཅེས་པ་དེ་མངོན་པ་མཛོད་དང་བཤད་མཛོད་ཆེན་མོར་འཆད་མཁན་སྣ་ཚོགས་སུ་སྣང་ཡང་སྔ་མ་མི་འཐད་དེ་སློབ་དཔོན་དབྱིག་གཉེན་དེ་སངས་རྒྱས་མྱ་ལས་འདས་པའི་ཚུལ་བསྟན་ནས་ལོ་སྟོང་ལ་ཉེ་བ་ན་ཕེབས་པས་དེར་དེའི་གསུང་གི་བཤད་པ་བྱེད་པ་མི་འཐད་པས། བྱེ་བྲག་བཤད་མཛོད་ཡིན་པར་མངོན་ནོ། །སློབ་དཔོན་ཐོགས་མེད་དུས་རབས་བཞི་པ་ཙམ་དང་ལོ་དགུ་བརྒྱ་ལོན་ནས་ཕེབས་པར་གསུངས་པ་གཉིས་ཤིན་ཏུ་མཐུན་པས་ལོ་ཧྲིལ་པོ་དགུ་བརྒྱ་ལ་བྱའོ། །འོ་ན་འགྲེལ་ཆེན་དེར་རྒྱན་གྱི་ལུང་ཤེས་བྱེད་དུ་དྲངས་མི་འཐད་པར་ཐལ། རྒྱན་དེ་ཐོགས་མེད་ཀྱི་ཆེད་དུ་བྱས་པར་སློབ་དཔོན་སེངྒེ་བཟང་པོས་གསུངས་ལ། དུས་འཁོར་འགྲེལ་ཆེན་དེའི་སྔ་རོལ་ཏུ་བརྩམས་ཟིན་པའི་ཕྱིར་ན། སྐྱོན་མེད་དེ། སློབ་དཔོན་སེངྒེ་བཟང་པོས་དེའི་གནས་སྐབས་དེར་གྲགས་ཚོད་དང་མཐུན་པ་ཙམ་གསུངས་པར་མངོན་ཏེ། རྒྱན་སྣང་ལས། དེ་ཡང་འདི་ལྟར་ཐོས་ཏེ། ཞེས་པ་ནས་དེ་ནས་དེའི་དོན་དུ་བཅོམ་ལྡན་འདས་འཕགས་པ་བྱམས་པ་མཉེས་པར་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་མཛད་དོ། །ཞེས་སློབ་དཔོན་གྱིས་འདི་ལྟར་ཐོས་ཞེས་པ་ལས་སྒྲུབ་བྱེད་གཞན་མ་བཀོད་དོ། །དེས་ན་སློབ་དཔོན་ཨ་བྷྱ་ཀཱ་རས་གསུངས་པ་ལྟར་འཕགས་པ་བྱམས་པས་བཀའ་བསྡུ་མཛད་པའི་སྐབས་དེར་མཛད་དེ་དུས་ཕྱིས་ཐོགས་མེད་ལ་བརྗོད་པར་གསུངས་པ་ནི་ཤིན་ཏུ་ལེགས་ཏེ། དེ་ལྟར་ཡང་གནད་ཀྱི་ཟླ་འོད་ལས། མཆོག་ཏུ་ཟབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ཀྱིས་རྗེས་སུ་རྟོགས་པར་དཀའ་བས་ཐུགས་རྗེས་དེས་རྟོགས་པའི་དོན་དུ་འཕགས་པ་བྱམས་པས་བསྡུས་པའི་རྗེས་ལ་དུས་དེར་གནས་པ་ཉིད་ན་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་ཀྱིས་གསལ་བར་མཛད་ཀྱི། འཕགས་པ་ཐོགས་མེད་ཀྱིས་བསྒྲུབས་ནས་དུས་ཕྱིས་བྱས་ཞེས་པ་ནི་སེངྒེ་བཟང་པོ་ལ་སོགས་པ་འཁྲུལ་བ་སྟེ། སྔོན་དུ་བྱས་པ་རྗེས་སུ་བརྗོད་ཅེས་པ་ནི་གཞན་དག་གིའོ། །ཞེས་གསུངས་པས་གཞན་དག་གི་ཞེས་པ་ནི་ཟླ་འོད་རང་ལུགས་སོ། །འདི་ལ་ཤེས་བྱེད་ཀྱི་ཚད་མ་དང་བཅས་ཏེ། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་དེ་འདིའི་ཁུངས་ཡིན་པར་མངོན་ནོ། །འོ་ན་གསེར་ཕྲེང་ལས་འདི་གཉིས་ཀ་ཤེས་གཞན་མེད་པར་མཉམ་པོ་ལ་མཁས་པ་སྔ་མ་དག་ལ་གྲགས་ཚོད་ལ་རྒྱན་སྣང་གི་གསུངས་པ་དེ་མངོན་གསུངས་པ་ཇི་ལྟར་དྲངས་ཤེ་ན། བདེན་མོད་ཀྱི་ཟླ་འོད་ཀྱི་ཤེས་བྱེད་བཤད་ཟིན་ལ་འདིའི་ཤེས་བྱེད་ནི་གྲགས་ཚོད་ཁོ་ན་སྣང་བས་སོ། །དེས་ན་གསེར་ཕྲེང་ལས་ཤེས་བྱེད་གཞན་མེད་པར་གསུངས་པས་ཤེས་བྱེད་རེ་ཡོད་པར་མཚུངས་ཀྱང་རྒྱན་སྣང་གི་བཤད་པ་དེ་མཁས་པ་ཕལ་མོ་ཆེར་གྲགས་ཆེ་བར་གསུངས་པ་ལས་འཐད་ཕྱོགས་སུ་མཛད་པར་མི་སྣང་བས་རྗེའི་གསུང་དང་འགལ་བ་མེད་དོ། །རྣམ་པ་གཅིག་ཏུ་ན་རྗེ་རིན་པོ་ཆེས་སློབ་དཔོན་སེང་བཟང་གི་གཞུང་གི་བཤད་པ་མཛད་པའི་སྐབས་ལས་རེ་ཞིག་སློབ་དཔོན་བཤད་པ་ལྟར་འདོད་ཅེས་སོ། །གསེར་ཕྲེང་དུ་ཡང་རེ་ཞིག་ཁས་བླངས་པའི་ཕྱོགས་མང་དུ་སྣང་བས་སོ། །དེས་ན་སློབ་དཔོན་སེང་བཟང་གིས་གྲགས་ཚོད་ལྟར་བཀོད་པ་ལས་མཐའ་གཅིག་ཏུ་སློབ་དཔོན་གྱི་དགོངས་པར་སྨྲ་བར་མི་རིགས་ཏེ། ཐོས་པ་ཙམ་སྒྲུབ་བྱེད་དུ་མི་རིགས་པར་འཁྲུལ་བ་སྲིད་པ་སློབ་དཔོན་འདིས་དགོངས་པས་སོ། །དེ་ཡང་ཟླ་འོད་ཀྱི་གསུངས་པ་དེ་སྒྲ་ཇི་བཞིན་དུ་ཁས་བླངས་པས་དུས་འགྲེལ་གྱི་བཤད་པ་དེ་འབད་མེད་དུ་གྲོལ་ལ། དེ་ལྟར་མིན་པར་ཕྱོགས་གཞན་ཁས་བླངས་པས་རྩོད་ལན་བསྐལ་བའི་བར་དུ་མི་ཤོག་གོ །དེས་ན་ཟླ་འོད་ལས་གསུངས་པ་ལྟར་སློབ་དཔོན་སེང་བཟང་གི་གྲགས་ཚོད་ཀྱི་བཤད་པ་དེ་མི་རིགས་པའོ། །སྤྱིར་ཨ་བྷཱི་ཀ་རས་སློབ་དཔོན་སེང་བཟང་ལ་ལྟར་སྣང་གི་དགག་པ་མང་དུ་སྣང་མོད་ཀྱང་ཕྱོགས་འདི་ནི་རིགས་པ་དང་ལྡན་པས་ཁས་བླངས་བར་བྱ་སྟེ། དགེ་སློང་དག་གམ་མཁས་རྣམས་ཀྱིས། །ཞེས་སོགས་གསུངས་སོ། །འདི་ནི་ལུང་བསྟན་གྱི་མདོ་རྒྱུད་སོགས་གཞིར་བྱས་ནས་བཤད་པ་བྱས་པའི་དབང་དུ་བྱས་སོ། །

ཀླུ་སྒྲུབ་ལུང་བསྟན་གྱི་ཐད་རྩ་ཤེ་ཊཱིག་ཆེན་ལས། རྔ་བོ་ཆེའི་མདོ་ལས་ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ནི་སྟོན་པ་འདས་ནས་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པའི་ཚེ། སྟོན་པའི་མཚན་འཆང་བའི་དགེ་སློང་དུ་གྱུར་ནས་བསྟན་པ་རྒྱས་པར་བྱས་ཏེ་ལོ་བརྒྱ་ལོན་པའི་འོག་ཏུ་འདས་ནས་བདེ་བ་ཅན་དུ་སྐྱེ་བར་གསུངས་སོ། །འདི་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུང་བསྟན་དུ་གནས་བརྟན་བྱང་བཟང་དང་ཇོ་བོ་ཆེན་པོ་བཞེད་དེ་ལི་ཙ་བྱི་མཐོང་ན་དགའ་བ་ཀླུ་སྒྲུབ་དང་རྒྱུད་གཅིག་ཏུ་བཤད་པ་ལ་བརྟེན་པའོ། །ཞེས་སོ། །དོན་འདི་ལ་མཁས་པ་འགས་ལོ་བརྒྱད་ཅུ་ལོན་ཞེས་པ་ནི་ཚེ་ལོ་བརྒྱད་ཅུ་ཉེ་བ་ལ་བྱེད་དགོས་ཏེ། ལོ་བརྒྱད་ཅུ་པ་ལ་ཞེས་གསུངས་པ་ལས་ལོ་བརྒྱད་ཅུ་ལོན་པའི་ཚེ་ཞེས་མ་གསུངས་པས་སོ། །ཉེ་བ་ན་ཞེས་འདོད་དགོས་པའི་རྒྱུ་མཚན་ནི་ལོ་གྲངས་ཀྱི་ཚེ་ལོ་འཕེལ་སྒྲིབ་དང་མི་མཐུན་པས་ཚེ་ལོ་བརྒྱད་ཅུ་པ་དེ་འབྱུང་འགྱུར་ལ་བྱེད་ཅེས་འདོད། ཡང་ཁ་ཅིག་གིས་འདི་སློབ་དཔོན་གྱི་ལུང་བསྟན་མ་ཡིན་ཏེ། རྩ་ཤེ་ཊཱིག་ཆེན་དུ་རྒྱུད་གཅིག་པ་ལ་བརྟེན་པར་བཤད་པས་རྒྱུད་གཅིག་པ་སྨྲོས་པ་ལ་དགོས་པ་ཡོད་པའི་ཕྱིར། ཞེས་བཞེད། འདི་གཉིས་ཀ་མི་འཐད་དེ། དང་པོ་ནི་རྔ་བོ་ཆེ་མདོ་ལས་འོད་སྲུང་ལ་སྟོན་པས་ང་འདས་ནས་ལོ་བཞི་བཅུ་བར་དུ་དམ་པའི་ཆོས་འཛིན་པར་གསུངས་ནས་དེའི་འཕྲོ་དེ་མ་ཐག་ནས་དེའི་འོག་ཏུ་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱི་མཐོང་ན་དགའ་བས་བསྟན་པ་འཛིན་པར་ལུང་བསྟན་པ་ཤིན་ཏུ་གསལ་བས། སྟོན་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་ལོ་བརྒྱད་ཅུ་ལོན་པ་ན་སངས་རྒྱས་ཀྱི་བསྟན་པ་འཛིན་པ་ལ་བཞག་དགོས་པའི་ཕྱིར། དེས་ན་མྱ་ངན་ལས་འདས་ནས་ལོ་བཞི་བཅུ་་ནས་བརྒྱད་ཅུ་མ་ལོན་བར་དུ་བསྟན་པ་ཉམས་ཡོད་པའང་རྩ་ཤེ་ཊཱིག་ཆེན་ལས་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པའི་ཚེ་ཞེས་དང་། དེ་འོག་ཏུ་བསྟན་པ་རྒྱས་པར་བྱས་ནས་ཞེས་གསུངས་པ་ལས་ཀྱང་ཤེས་སོ། །གཞན་ཡང་ཚེ་ལོ་བརྒྱད་ཅུ་ལ་བྱེད་པ་དག་ནི་འདི་ཀླུ་སྒྲུབ་དངོས་ལ་འདོད་པར་འདྲ་སྟེ། དེ་མི་འཐད་པ་ནི་རྒྱུད་གཅིག་པ་ལ་བརྟེན་པར་བཤད་པ་དང་འགལ་ལོ། །གཉིས་པ་ཡང་མི་འཐད་དེ། རྗེ་རིན་པོ་ཆེས་འདི་ཀླུ་སྒྲུབ་ལུང་བསྟན་དུ་བཞེད་དེ། རྩ་ཤེ་ཊཱིག་ཆེན་ལས། རྔ་བོ་ཆེ་ལས་དེ་ལྟར་བསྟན་པ་དེ་ལྷོ་ཕྱོགས་སུ་འབྱུང་བས་ཐ་མ་གཅིག་ཡིན་པར་གསུངས་པས་ལོ་བཞི་བརྒྱ་ལོན་པ་ན་བྱོན་པ་ནི་ལྷོ་ཕྱོགས་སུ་འབྱུང་བའི་ཚུལ་གཉིས་པའོ། །ཞེས་གསུངས་པས་དོན་དུ་རྗེ་ཉིད་ཀྱིས་ཀྱང་ལུང་བསྟན་དུ་བཞེད་པ་ནི་ལོ་བཞི་བརྒྱ་ལོན་པ་ལ་ལྷོ་ཕྱོགས་སུ་འབྱུང་བའི་ཚུལ་གཉིས་པར་གསུངས་པས་ཚུལ་དང་པོ་དང་གཉིས་པ་གཉིས་ཀ་ཀླུ་སྒྲུབ་ལ་བྱེད་པར་མངོན་ནོ། །ཐ་མ་གཅིག་ཅེས་པ་ནི་སྟོན་པ་འདས་ནས་ལི་ཙ་བྱི་ལོ་བརྒྱད་ཅུ་པར་ལྷོ་ཕྱོགས་སུ་འབྱུང་བའི་ཚུལ་གཅིག་གམ་དང་པོ་དང་། ལོ་བཞི་བརྒྱ་པར་ཀླུ་སྒྲུབ་ལྷོ་ཕྱོགས་སུ་ཕེབས་པ་ནི་ཚུལ་གཉིས་པའོ། །འོན་ཀྱང་ལོ་བརྒྱད་ཅུ་ལོན་པ་ན་ལི་ཙ་བྱི་ལྷོ་ཕྱོགས་སུ་ཕེབས་པའི་ཐ་མ་གཅིག་ཡིན་ཀྱང་། ལྷོ་ཕྱོགས་སུ་ཕེབས་པའི་ཚུལ་ཐ་མ་མ་ཡིན་ཏེ། ལྷོ་ཕྱོགས་སུ་ཕེབས་པའི་ཚུལ་གཉིས་པ་དེ་ལོ་བཞི་བརྒྱ་ལོན་པ་ན་བྱེད་དགོས་པ་གཞུང་ལས་གསལ་བའི་ཕྱིར་རོ། །རྗེ་ཐམས་ཅད་མཁྱེན་པའི་དགོངས་པའོ། །དེ་ཡང་སློབ་དཔོན་གྱི་ཤིང་རྟའི་སྲོལ་འབྱེད་བྱེད་ཀྱི་བསྟན་བཅོས་ནི་རིགས་ཚོགས་རྣམས་ཡིན་ལ། ད་ལྟ་རིགས་ཚོགས་དྲུག་ཅེས་གྲགས་པ་ལྟར་རོ། །དེས་ན་རིགས་ཚོགས་དྲུག་གི་ཐ་སྙད་དང་པོར་བོད་རྗེ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང་བར་གསལ་ཏེ། བི་མ་ལ་མི་ཏྲའམ་དྲི་མེད་བཤེས་གཉེན། གུ་རུ་རིན་པོ་ཆེ། ནམ་མཁའི་སྙིང་པོ། བཻ་རོ་ཙ་ནའམ་རྣམ་པར་སྣང་མཛད་བཅས་མཁས་པ་མི་བཞིས་མཛད་པའི་གསང་སྔགས་ལུང་གི་བང་མཛོད་ལས། ལོ་བརྒྱ་ནས་འཕགས་པ་ཀླུ་སྒྲུབ་འཇིག་རྟེན་དུ་ཕེབས་ནས་འཁོར་ལོ་བར་པ་མཚན་ཉིད་མེད་པ་གཏན་ལ་ཕབ། དབུ་མའི་བསྟན་བཅོས་རིགས་པའི་ཚོགས་དྲུག་མཛད་དེ། དེ་ཡང་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག །ག་ལས་འཇིགས་མེད། རྩོད་པ་བཟློག་པ་དང་དྲུག་མཛད་དོ། །ཞེས་གསུངས། དེས་ན་འདི་ལས་ག་ལས་འཇིགས་མེད་རིགས་ཚོགས་དྲུག་གི་ཡ་གྱལ་དུ་འདོད་དོ། །དེ་ནས་བཟུང་སྟེ་བོད་སྔ་མ་མང་དག་ཅིག་གིས་ཀྱང་རིགས་ཚོགས་དྲུག་གི་ཐ་སྙད་མཛད་པ་གསལ་ཏེ། རྨ་བྱང་ཆུབ་བརྩོན་འགྲུས་ཀྱི་བཞེད་པ་ནི། དེའི་ཕྱིར་སྔ་རབས་པ་ཁ་ཅིག་རིན་པོ་ཆེའི་ཕྲེང་བ་བསྣན་ནས་རིགས་པའི་ཚོགས་དྲུག་ཏུ་བྱེད་པ་དང་། རིགས་པའི་ཚོགས་སམ་ཁྱུ་ཞེས་བྱ་བ་ཡིན་གྱི་དྲུག་ཏུ་གྲངས་ངེས་པ་མེད་དོ་ཞེས་ཟེར་བ་དང་། ཡང་རང་བཞིན་མེད་པར་སྟོན་པའི་རིགས་པའི་ཚོགས་ཀྱི་བསྟན་བཅོས་ལྔ་ཡིན་ནོ་ཟེར་བ་ཐམས་ཅད་ཚུལ་འདིས་བསལ་བ་ཡིན་ནོ་གསུངས་སོ། །ཚུལ་འདིས་བསལ་ཚུལ་འོག་ཏུ་འཆད། གསེར་ཕྲེང་ལས་ཀྱང་། འདི་ལ་ཁ་ཅིག་ཐ་སྙད་གྲུབ་པའམ་རིན་ཆེན་ཕྲེང་བའམ་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་གི་གྲངས་ངེས་འདོད་པ་དང་། ཞེས་གསུངས་པ་ལྟར་བོད་སྔ་མས་རིགས་ཚོགས་དྲུག་གྲངས་འདྲེན་སྣ་ཚོགས་སུ་བྱེད་དོ། །

འདི་ལ་ཐ་སྙད་གྲུབ་པ་རིགས་ཚོགས་སུ་འདོད་པའི་བོད་སྔ་མའི་མཁས་པ་མང་སྟེ། པ་ཚབ་ལོ་ཙཱ་བའི་བུ་ཆེན་རྨ་བྱང་ཆུབ་བརྩོན་འགྲུས་ཀྱི་དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། ལྟ་བ་གཙོ་བོར་སྟོན་པ་དབུ་མ་རིགས་པའི་ཚོགས་དྲུག་དང་། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་པ་གཉིས། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་རྩ་བ་ཤེས་རབ་ཀྱི་རྐྱེན་བརྟག་པ་ལས་འཕྲོས་པ་རྩོད་པ་ཟློག་པ། འདུ་བྱེད་བརྟག་པ་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ་པ། དངོས་པོ་རྣམས་རང་བཞིན་མེད་ན་རང་བཞིན་ཚད་མས་གྲུབ་པ་དང་འགལ་ལོ་ཞེས་རྒོལ་བའི་ལན་དུ་ཞིབ་མོ་རྣམ་འཐག །རང་བཞིན་མེད་ན་བོང་བུའི་རྭ་ལ་སོགས་པ་ལྟར་ཐ་སྙད་ཀྱི་རྣམ་གཞག་མི་འཐད་དོ་ཞེས་རྒོལ་བ་ལ། རང་བཞིན་མེད་པ་ལ་བཅོས་མ་རྟེན་འབྲེལ་རུང་བས་ཐ་སྙད་ཀྱི་རྣམ་གཞག་ཆེས་ཤིན་ཏུ་འཐད་པ་ཡིན་ནོ་ཞེས་སྟོན་པ་ཐ་སྙད་གྲུབ་པ་གསུངས་པ་ཡིན་ནོ། །དེའི་ཕྱིར་སྔ་རབས་པ་ཁ་ཅིག་རིན་པོ་ཆེའི་ཕྲེང་བ་བསྣན་ནས་རིགས་པའི་ཚོགས་དྲུག་ཏུ་བྱེད་པ་དང་། རིགས་པའི་ཚོགས་སམ་ཁྱུ་ཞེས་བྱ་བ་ཡིན་གྱི་དྲུག་ཏུ་གྲངས་ངེས་པ་མེད་དོ་ཞེས་ཟེར་བ་དང་། ཡང་རང་བཞིན་མེད་པར་སྟོན་པའི་རིགས་པའི་ཚོགས་ཀྱི་བསྟན་བཅོས་ལྔ་ཡིན་ནོ་ཟེར་བ་ཐམས་ཅད་ཚུལ་འདིས་བསལ་བ་ཡིན་ནོ། །ཞེས་གསུངས་པས་རིགས་ཚོགས་དྲུག་ཏུ་གྲངས་ངེས་པ་དང་དྲུག་པོ་རེ་རེ་བཞིན་ངོས་འཛིན་ཅིང་དེ་ཡང་ཐ་སྙད་གྲུབ་པ་རིགས་ཚོགས་སུ་འཇོག་པའི་རྒྱུ་མཚན་ནི། རྨ་བྱ་བས། ཚུལ་འདི་ཉིད་རིགས་པ་དྲུག་ཅུ་པའི་འགྲེལ་པར། འདི་ལ་མཆོད་བརྗོད་མཛད་ནས་རྩོད་ཟློག་སོགས་གཞན་ལ་མི་མཛད་པའི་རྒྱུ་མཚན་དུ་འཕྲོས་ཚུལ་གསལ་བར་གསུངས་པ་ཡིན་ནོ། །ཞེས་བཞེད་དོ་ཞེས་གོ་རམས་པས་སྤྱི་དོན་དུ་བཀོད་འདུག་ན། ཐ་སྙད་གྲུབ་པ་རིགས་ཚོགས་ཡིན་པའི་རྒྱུ་མཚན་ནི་རིགས་པ་དྲུག་ཅུ་པར་མཆོད་བརྗོད་མཛད་ལ་སྟོང་ཉིད་བདུན་ཅུ་སོགས་ལ་མཆོད་བརྗོད་མ་མཛད་པས་རྩ་ཤེ་ལས་འཕྲོས་པར་གསུངས་པ་དང་གནད་གཅིག་ཏུ་འདོད་པས་ཚུལ་འདིས་རིན་ཆེན་ཕྲེང་བ་སོགས་བགྲངས་ནས་རིགས་ཚོགས་དྲུག་ཏུ་དང་། ལྔ་མ་གཏོགས་མི་འདྲེན་པའི་སྔ་རབས་པ་དག་གི་འདོད་པ་དེ་བསལ་བའམ་ཁེགས་པ་ཡིན་ཞེས་པའོ། །འདི་ལ་དཔལ་ལྡན་ཟླ་བའི་རིགས་པ་དྲུག་ཅུ་པའི་འགྲེལ་པར། རྩོད་ཟློག་དང་སྟོང་ཉིད་བདུན་ཅུ་པ་གཉིས་ཀྱི་འཕྲོས་ཚུལ་གསུངས་ཀྱི་གཞན་གྱི་འཕྲོས་ཚུལ་གསུངས་པ་མི་སྣང་ལ། ཐ་སྙད་གྲུབ་པ་ནི་བོད་དུ་མ་འགྱུར་ཞིང་། སློབ་དཔོན་ཟླ་བའི་ཚིག་གསལ་དུ། སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ལུགས་མཐོང་ཚུལ་སྨྲོས་པ་ན་གཞན་ལྔ་སྨྲོས་ནས་འདི་མ་སྨྲོས་པས། རྒྱ་གར་ནའང་རིགས་ཚོགས་སུ་བགྲངས་པ་མིན་པར་སྣང་ངོ་། །ཞེས་གོ་རམས་པས་དགག་པ་མཛད་དོ། །བུ་སྟོན་ཆོས་འབྱུང་ལས་ཀྱང་། དོན་དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་འཐད་ཅིང་གྲུབ་པར་སྟོན་པ་ཐ་སྙད་གྲུབ་པ་དང་དྲུག་ཡིན་ནོ་ཞེས་གསུངས་སོ། །ཉ་དབོན་ཀུན་དགའ་དཔལ་གྱི་ཕར་ཕྱིན་བཤད་སྦྱར་ཡིད་ཀྱི་མུན་སེལ་དུ་ཡང་། འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་ཡུམ་གྱི་སྙིང་པོའི་དོན་གཙོ་བོར་སྟོན་པ་དབུ་མ་རིགས་ཚོགས་མཛད་དེ། རྩ་ཤེས། སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག །རྩོད་ཟློག །ཐ་སྙད་གྲུབ་པ་སྟེ་དྲུག །ཅེས་གསུངས་སོ། །

གལ་ཏེ་དཔལ་ལྡན་ཟླ་བའི་ཚིག་གསལ་གྱི་རབ་བྱེད་མཇུག་རྫོགས་མཚམས་ཀྱི་སྐབས་སུ་རིགས་ཚོགས་བགྲང་བ་ན། འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ལས་བསྟན་ཚིག་ལེའུ་བྱས་དེ་དང་། །རིགས་བ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་བཅས་སྟོང་ཉིད་བདུན་ཅུ་པ་དེ་དང་། །གང་ཡང་རྩོད་པ་རྣམ་པར་བཟློག་པ་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཞིང་། །བརྒྱ་པ་ལ་སོགས་དེ་དག་དང་ནི་དེ་བཞིན་མདོ་སྡེ་ཟབ་མོ་རྣམ་མང་དང་། །སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱིས་ལེགས་བཤད་གང་། །ཞེས་རིགས་ཚོགས་བགྲང་བ་ན་རིན་ཆེན་ཕྲེང་བ་ལྷན་ཅིག་ཏུ་མ་བགྲངས་པས་དཔལ་ལྡན་ཟླ་བས་རིན་ཆེན་ཕྲེང་བ་རིགས་ཚོགས་མི་བཞེད་པས་རིགས་ཚོགས་དྲུག་ཏུ་འདོད་པ་དག་འདི་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་ནི་རིགས་ཚོགས་དང་གཏམ་ཚོགས་གཉིས་སུ་ཕྱེ་བའི་རིགས་ཚོགས་ཀྱི་གྲངས་ངོས་བཟུང་བ་ཡིན་གྱི། རིན་ཆེན་ཕྲེང་བ་རིགས་ཚོགས་མི་བཞེད་པའི་དོན་མིན་ནོ། །དེར་ཐལ། དེའི་གོང་དེར། མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་། །ཞེས་དང་། དེའི་ཚེ་རིན་ཕྲེང་གཏམ་ཚོགས་སུ་གསུངས་ནས་རིགས་ཚོགས་ལྔར་གསུངས་པ་ཡིན་པས་རིགས་ཚོགས་དང་གཏམ་ཚོགས་གཉིས་སུ་ཕྱེ་བས་རིགས་ཚོགས་ལྔར་བཞེད་པའི་དོན་ནོ། །ཡང་ཁ་ཅིག་རིན་ཕྲེང་དེར་ལེའུ་ལྔ་ཡོད་ཅིང་ལེའུ་ཕྱི་མ་བཞིར་སྟོང་ཉིད་རིགས་པས་སྒྲུབ་པ་མི་སྣང་ཞིང་། ལེའུ་དང་པོར་ཡང་མངོན་མཐོ་དང་ངེས་ལེགས་གཉིས་ལས་ངེས་ལེགས་སྐབས་སུ་ཡང་སྟོང་ཉིད་རིགས་པས་སྒྲུབ་པ་མེད་པས་དེར་ཐ་སྙད་ཀྱི་རྣམ་བཞག་སྟོན་པ་ཤས་ཆེ་བས་དེར་བདག་མེད་གཉིས་རྒྱས་པར་གཏན་ལ་ཕབ་པ་མེད་པས་རིགས་ཚོགས་ཀྱི་དོན་མེད་དོ་ཞེ་ན། མི་འཐད་དེ། རིན་ཆེན་ཕྲེང་བའི་གཞུང་དེར་སྐྱེས་བུ་ས་མིན་ཆུ་མ་ཡིན། །ཞེས་སོགས་ཀྱིས་གང་ཟག་བདག་མེད་དང་། འབྱུང་གསུམ་ས་མིན་འདི་ལ་མིན། །ཞེས་སོགས་ཀྱིས་ཆོས་ཀྱི་བདག་མེད་རྒྱས་པར་སྟོན་པའི་ཕྱིར། །གཞན་ཡང་དེར་མངོན་མཐོ་དང་དེའི་ཐབས་རྒྱས་པར་བསྟན་པ་དེ་ཡན་ལག་དང་ངེས་ལེགས་ཀྱི་ཐབས་གཏན་ལ་དབབ་བྱའི་གཙོ་བོ་ཡིན་ན་སྟོང་ཉིད་རྟོགས་པའི་ལམ་བསྟན་བྱའི་གཙོ་བོར་ཡིན་པས་སྟོང་ཉིད་རིགས་པས་རྒྱས་པར་གཏན་ལ་ཕབས་པ་ཡིན་ནོ། །དེ་ཡང་རྟགས་རིམ་བཞིན་གྲུབ་སྟེ། མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ་ལས། རིན་ཆེན་ཕྲེང་བས་ནི་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་རིགས་པས་རྒྱས་པར་གཏན་ལ་འབེབས་ཤིང་། ཞེས་དང་། རིན་ཕྲེང་དར་ཊཱིག་ལས། བསྟན་བཅོས་འདིར་མངོན་མཐོའི་རྒྱུ་འབྲས་རྒྱས་པར་བསྟན་མོད་ཀྱི་གཙོ་བོ་ནི་ཐེག་པ་ཆེ་ཆུང་གི་ལམ་དུ་ཞུགས་ནས་ཐར་པ་ཐོབ་པར་བྱེད་པ་ལ། གང་ཟག་དང་ཕུང་པོ་རང་བཞིན་གྱིས་སྟོང་པ་རྟོགས་དགོས་པ་རྒྱས་པར་གཏན་ལ་ཕབ་པའོ། །ཞེས་གསུངས་པས་སོ། །སྤྱིར་བསྟན་བྱའི་གཙོ་བོ་ཞེས་པ་ནི་བརྗོད་བྱ་དེ་བསྟན་པའི་ཚིག་མང་ཉུང་དབང་གིས་མིན་ནོ། །འོ་ན་གང་ཞེ་ན་བརྗོད་བྱ་སྟོན་པ་པོར་རག་ལས་པ་ཡིན་ཏེ། བརྗོད་བྱེད་ནི་ཀུན་སློང་གི་རྗེས་སུ་འགྲོ་བས་ཀུན་སློང་གི་དོན་དེ་ཉིད་གཙོ་བོར་སྟོན་འདོད་པ་ལྟར་སྒྲར་སྟོན་པའི་ནུས་པ་ཡོད་པ་ལ་བྱའོ། །དེ་ལྟར་ཡང་དཔལ་ལྡན་ཟླ་བའི་ཚིག་གསལ་ལས། སྒྲ་རྣམས་ནི་དབྱུག་པ་ཅན་དང་ཞགས་པ་ཅན་བཞིན་དུ་སྨྲ་བ་པོ་རང་དབང་མེད་པར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ནུས་པ་ཡོད་ན་སྨྲ་བ་པོའི་བརྗོད་པར་འདོད་པའི་རྗེས་སུ་བྱེད་པ་ཡིན་ནོ། །ཞེས་སོ། །མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ་དུ། ཚིག་གསལ་གྱི་གཤམ་དུ་རིགས་ཚོགས་ཐམས་ཅད་བགྲང་ཀྱང་ཐ་སྙད་གྲུབ་པ་མ་བགྲངས་བའི་ཕྱིར་ཐ་སྙད་གྲུབ་པ་རིགས་ཚོགས་མིན་པར་གསུངས་པ་ནི་འོས་མེད་ཀྱི་རིགས་པ་ཡིན་པ་ལས། སྤྱིར་རིགས་ཚོགས་ཡིན་ན་དེར་བགྲང་དགོས་ཞེས་པའི་དོན་མིན་ཏེ་རིན་ཕྲེང་བཞིན། དེ་ཡང་ཐ་སྙད་གྲུབ་པ་རིགས་ཚོགས་ཡིན་ན་དེར་བགྲང་དགོས་ཏེ། རིགས་གཏམ་གཉིས་ལས་རིགས་ཚོགས་སུ་ངེས་པའི་ཕྱིར། ག་ལས་འཇིགས་མེད་རྩ་ཤེའི་རང་འགྲེལ་དུ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་གསུངས་པ་དང་། ལམ་སྒྲོན་རང་འགྲེལ་དུ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ག་ལས་འཇིགས་མེད་ཅེས་སོགས་གསུངས་པའི་ཐུགས་རྩེ་གཏོད་ས་ནི་ག་ལས་འཇིགས་མེད་ཀྱི་མཛད་བྱང་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་གསུངས་པ་དེ་གཞིར་བྱས་ནས་ཀླུ་སྒྲུབ་ཀྱི་ཡིན་པར་གསུངས་སོ། །འདི་དག་དང་འགྲེལ་པ་འདིའི་རབ་བྱེད་ཀྱི་མཚམས་རྣམས་སུ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ལས་ཞེས་པ་ཡོད་པ་སོགས་ལ་འཁྲུལ་གཞི་བྱས་ནས་བོད་སྔ་མ་དག་ག་ལས་འཇིགས་མེད་རིགས་ཚོགས་སུ་འཇོག་མཁན་བྱུང་བ་ཡིན་ནམ་སྙམ། ག་ལས་འཇིགས་མེད་རིགས་ཚོགས་སུ་དྲི་མེད་བཤེས་གཉེན་དང་བཻ་རོ་ཙ་ན་སོགས་ཀྱིས་བཞག་པར་གོང་གི་གསང་སྔགས་ལུང་གི་བང་མཛོད་ལས་གསལ་བས་ག་ལས་འཇིགས་མེད་རྩ་ཤེའི་རང་འགྲེལ་ལམ་ཀླུ་སྒྲུབ་ཀྱིས་མཛད་པར་འདོད་མཁན་གྱི་བོད་སྔ་མ་ཡང་འདི་དག་ཡིན་པར་སྣང་ངོ་། །བུ་སྟོན་ཆོས་འབྱུང་དུ་ཡང་སློབ་དཔོན་དེས་མཛད་པའི་རིགས་པ་དྲུག་ཅུ་པ་ཞེས་པ་ནས་རང་འགྲེལ་ག་ལས་འཇིགས་མེད་བམ་པོ་བདུན་པ་ཞེས་པའང་གོང་དང་མཚུངས། འོན་ཀྱང་ག་ལས་འཇིགས་མེད་དེ་སློབ་དཔོན་གྱིས་མ་མཛད་པའི་རྒྱུ་མཚན་རྣམ་དག་གཉིས་རྗེ་ཙོང་ཁ་པས་ལེགས་བཤད་སྙིང་པོར་གསུངས་པ་འོག་ཏུ་འཆད། ག་ལས་འཇིགས་མེད་སློབ་དཔོན་གྱིས་མཛད་པར་གསུངས་པ་ནི་འདི་མཛད་པ་པོས་འགྲོ་དོན་ཆེ་བར་འགྱུར་དུ་དགོངས་ནས་སློབ་དཔོན་ལ་ཁ་གཡར་བ་ཡིན་ནོ་སྙམ་མོ། །རྒྱ་འགྲེལ་དག་ཁ་གཡར་བ་མང་དུ་སྣང་ངོ་། །བསྟན་བཅོས་ཆེན་མོ་དྲང་ངེས་རྣམ་འབྱེད་ལས། རབ་བྱེད་ཉེར་བདུན་པའི་འགྲེལ་བ་ག་ལས་འཇིགས་མེད་ལས། བཙུན་པ་འཕགས་པ་ལྷས་ཀྱང༌། །ཉན་པ་པོ་དང་མཉན་བྱ་དང་། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། །ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་འགྲེལ་བར་འགྲེལ་བ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ། །ཞེས་རྒྱུ་མཚན་གཉིས་ཀྱིས་སྒོ་ནས་ཀླུའི་ཞབས་ཀྱིས་མཛད་པ་མིན་པར་བསྒྲུབས་སོ། །

རྩ་ཤེ་ལ་རྒྱ་འགྲེལ་གྲགས་ཆེ་བ་བརྒྱད་ཡོད་པ་ལས་འགྲེལ་བ་ག་ལས་འཇིགས་མེད་དང་། བུདྡྷ་པཱ་ལི་ཏ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད་བཅས་བཞི་པོ་འདི་བོད་དུ་འགྱུར་མོད་ལྷག་མ་བཞི་བོད་དུ་མ་འགྱུར་རོ། །འོན་ཀྱང་ག་ལས་འཇིགས་མེད་འདི་འགྲེལ་བ་ཚད་ལྡན་ཞིག་མིན་པ་འདྲ་སྟེ། རྩ་ཤེའི་དཀའ་གནད་མང་དག་ཅིག་གཏན་ལ་མ་ཕབ་པ་དང་རིགས་པའི་གནད་ཕྲ་མོ་རྟོགས་དཀའ་བར་བསྟན་པའི་གཞུང་ཚིག་མང་དག་ཅིག་ཚིག་ལྷུག་པར་བཏང་བ་མང་དུ་སྣང་བས་སོ། །དེ་ལྟར་ཡང་མཁས་གྲུབ་བསྟན་པ་དར་རྒྱས་ཀྱི་དབུ་མའི་སྤྱི་དོན་ལས། དེས་རྩ་ཤེའི་དཀའ་གནས་མ་བཤད་པའི་ཆ་དུ་མ་ཡོད་པའི་ཕྱིར། ཞེས་གསུངས། དེ་འགྲེལ་བ་ཚད་ལྡན་ཞིག་ཡིན་ན་དཔལ་ལྡན་ཟླ་བའི་ཚིག་གསལ་དུ་ལེགས་ཆ་ལེན་དགོས་པ་གང་ཞིག་དེ་ལས་ལེགས་ཆ་མ་བླངས་པས་འགྲེལ་བ་དེས་རྩ་ཤེའི་ཚིག་དོན་བཀྲལ་ཚུལ་ཐད་ལ་སྐྱོན་ཆགས་པ་ཡིན་ནམ་སྙམ་མོ། །ཟླ་བས་རྩ་ཤེའི་ཚིག་དོན་བཀྲལ་བའི་ཚེ་ག་ལས་འཇིགས་མེད་ལས་ལེགས་ཆ་མ་བླངས་པར་ལེགས་ལྡན་གྱི་འགྲེལ་བ་ལས་ལེགས་ཆ་མང་དུ་བླངས་པ་ཡིན་ཏེ། དེ་ལྟར་ཡང་མཁས་གྲུབ་བསྟན་པ་དར་རྒྱས་ཀྱི་དབུ་མ་ལས། རང་འགྲེལ་དང་ཚིག་གསལ་གཉིས་སུ་ལེགས་ལྡན་འབྱེད་ཀྱི་འགྲེལ་བའི་ལེགས་ཆ་བླངས་པ་དུ་མ་ཡོད་པ་ལས། ག་ལས་འཇིགས་མེད་ཀྱི་ཚིག་ཟུར་ཙམ་ཡང་དྲངས་པ་མེད་པའི་ཕྱིར། ཞེས་གསུངས་སོ། །གསེར་ཕྲེང་གི་ལུང་དེ་ལ་བསམས་ན་རྗེ་བདག་ཉིད་ཆེན་པོས་རིགས་ཚོགས་དྲུག་མི་བཞེད་པ་ལྟ་བུར་མངོན་ཀྱང་། དེ་མིན་ཏེ། རིགས་ཚོགས་དང་གཏམ་ཚོགས་གཉིས་སུ་ཕྱེ་བའི་རིགས་ཚོགས་ལ་དྲུག་མི་བཞེད་པའི་དོན་ནོ། །དེ་ཡང་རྩ་ཤེ་ཊཱིཀ་ཆེན་ལས། རིགས་པས་བསྟན་པ་ནི་རྩ་བ་ཤེས་རབ། སྟོང་ཉིད་བདུན་ཅུ་པ། རྩོད་ཟློག རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག རིན་ཆེན་ཕྲེང་བ་སྟེ་དྲུག་ཏུ་རིགས་པ་མང་པོས་གཏན་ལ་ཕབ་བོ། །ཞེས་དང་། རྒྱལ་ཚབ་རྗེས་ཀྱང་རིགས་ཚོགས་སྟོན་པའི་བསྟན་བཅོས་ཞེས་རིན་ཆེན་ཕྲེང་བ་ཡང་བགྲངས་འདུག་ལ། མཁས་གྲུབ་རྗེས་རྒྱུད་སྡེ་སྤྱི་རྣམ་དུ་རྗེ་བདག་ཉིད་ཆེན་པོའི་རིགས་ཚོགས་དྲུག་བཞེད་ཅེས་གསུངས་ལ། སྟོང་ཐུན་དུའང་དྲུག་བཞག་གོ །མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ་དུ། བླ་མ་རྗེ་ནི་རིགས་ཚོགས་ལྔར་བཞེད་ལ་གསུངས་པའི་བླ་མ་རྗེ་ནི་རྗེ་བཙུན་རེད་མདའ་བ་ཡིན་ཏེ། དེ་ལྟར་ཡང་རྗེ་བཙུན་རེད་མདའ་བའི་འཇུག་འགྲེལ་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ་ལས། དང་པོ་ལའང་། རང་གཞན་གྱི་སྡེ་པ་གཉིས་ཀ་ཐུན་མོང་དུ་དགག་པ་དང་། རང་སྡེ་བྱེ་བྲག་ཏུ་དགག་པ་གཉིས་ལས། དང་པོ་ནི་དབུ་མ་རྩ་བའི་ཤེས་རབ་བོ། །གཉིས་པ་ནི་རིགས་པ་དྲུག་ཅུ་པའོ། །གཉིས་པ་ལའང་། སྤྱིར་རང་བཞིན་མེད་པར་སྨྲས་པ་ལ་རིགས་པ་ནང་འགལ་བ་སྤང་བ་རྩོད་པ་ཟློག་པ། ཁྱད་པར་དུ་འདུས་བྱས་སྐྱེ་འཇིག་མེད་པར་སྨྲས་པ་ལུང་དང་འགལ་བ་སྤང་བ་སྟོང་ཉིད་བདུན་ཅུ་པ་དང་གཉིས་སོ། །དང་པོ་གཉིས་ནི་དབུ་མའི་བསྟན་འཆོས་ལུས་ཡོངས་སུ་རྫོགས་པ་ཡིན་ཏེ། རྟེན་འབྲེལ་སྤྱི་ལ་བརྩམས་ནས་རང་བཞིན་མེད་པར་གཏན་ལ་འབེབས་པའི་ཕྱིར་རོ།།ཕྱི་མ་གཉིས་ནི་ཡན་ལག་གི་བསྟན་འཆོས་ཡིན་ཏེ། དབུ་མ་རྩ་བ་ལས་འཕྲོས་པའི་ཕྱིར་རོ། །དེའང་རྩོད་པ་ཟློག་པ་ནི་རྐྱེན་བརྟག་པའི་རབ་བྱེད་ལས་འཕྲོས་པ་ཡིན་ལ། སྟོང་ཉིད་བདུན་ཅུ་པ་ནི་འདུ་བྱེད་བརྟག་པའི་རབ་བྱེད་ལས་འཕྲོས་པ་ཡིན་ནོ། །གཉིས་པ་སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་ནི་ཞིབ་མོ་རྣམ་པར་འཐག་པ་སྟེ། དེས་ཚད་མ་དང་གཞལ་བྱ་ལ་སོགས་པ་རྟོག་གེའི་རིགས་པ་མ་ལུས་པ་འགོག་པའི་ཕྱིར་རོ། །ཞེས་རིགས་ཚོགས་ལྔ་ལས་དྲུག་མ་གསུངས་སོ། །ཐ་སྙད་གྲུབ་པ་འདི་ཀླུ་སྒྲུབ་ཀྱིས་མཛད་མིན་ལ་དོགས་པ་མེད་དེ། སློབ་དཔོན་ཀཱ་མ་ལ་ཤཱི་ལའི་དབུ་མ་རྒྱན་གྱི་དཀའ་འགྲེལ་ལས། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཐ་སྙད་གྲུབ་པ་ལས་བསྟན་ཏོ། །ཞེས་གསུངས་ཤིང་། རྒྱལ་ཚབ་རྗེས་ཀྱང་རིན་ཕྲེང་དར་ཊཱིཀྐ་ཏུ་ཡང་ཀླུའི་ཞབས་ཀྱིས་མཛད་པར་བཞེད་དོ། །འདི་དབུ་མ་རྒྱན་གྱི་འགྲེལ་པར་ཚིགས་བཅད་ཁ་ཡར་བ་དྲངས་པ་ཙམ་མ་གཏོགས་བོད་དུ་འགྱུར་མེད་པ་རྒྱལ་ཚབ་རྗེས་གསུངས་ལ། ཉ་ཊཱིག་ལས་ཀྱང་ཐ་སྙད་གྲུབ་པ་སྟེ་དྲུག་ལས་ཕྱི་མ་བོད་དུ་མ་འགྱུར་རོ། །ཞེས་སྔ་ཕྱི་མཁས་པ་ཀུན་གྱིས་མགྲིན་གཅིག་ཏུ་སྨྲའོ། །འདི་བོད་སྔ་མ་མང་པོས་རིགས་ཚོགས་སུ་འདོད་པའི་གནད་ནི། ཀླུ་སྒྲུབ་ཀྱི་གཞུང་གང་ཞིག །གཙོ་བོར་རིགས་པས་དགག་སྒྲུབ་ཀྱི་རྣམ་བཞག་སྟོན་པའི་བསྟན་བཅོས་རྣམས་རིགས་ཚོགས་སུ་འདོད་པར་སྣང་བས། འདིས་རིགས་པའི་སྒོ་ནས་གཙོ་བོར་ཐ་སྙད་ཀྱི་རྣམ་བཞག་འཐད་པར་སྟོན་ན། རིགས་ཚོགས་སུ་བཞེད་དམ་སྙམ་མོ། །འོན་ཀྱང་རིགས་ཚོགས་མིན་པའི་རྒྱུ་མཚན་ནི། རྨ་བྱང་ཆུབ་ཡེ་ཤེས་ཀྱིས་གསུངས་པ་ལྟར། བསྟན་བཅོས་འདི་ནི། རང་བཞིན་མེད་ན་བོང་བུའི་རྭ་ལ་སོགས་པ་ལྟར་ཐ་སྙད་ཀྱི་རྣམ་གཞག་མི་འཐད་དོ་ཞེས་རྒོལ་བ་ལ། རང་བཞིན་མེད་པ་ལ་བཅོས་མ་རྟེན་འབྲེལ་རུང་བས་ཐ་སྙད་ཀྱི་རྣམ་གཞག་ཆེས་ཤིན་ཏུ་འཐད་པ་ཡིན་ནོ་ཞེས་སྟོན་པ་ཐ་སྙད་གྲུབ་པ་གསུངས་པ་ལྟར་ཐ་སྙད་ཀྱི་རྣམ་བཞག་འཐད་ཚུལ་གཙོ་བོར་སྟོན་པ་ལས་སྟོང་ཉིད་དམ་རྟེན་འབྱུང་རིགས་པས་གཏན་ལ་འབེབས་པ་གཙོ་བོར་མི་སྣང་བས་རིགས་ཚོགས་མིན་པར་གསུངས་སོ། །དེ་ལྟར་ཡང་རྒྱལ་བ་དགེ་འདུན་གྲུབ་པའི་དྲིས་ལན་ལས་ཀྱང་། ཐ་སྙད་གྲུབ་པ་ནི་རིགས་ཚོགས་སུ་བགྲང་མི་རིགས་ཏེ། དེས་སྟོང་ཉིད་རིགས་པས་རྒྱས་པར་གཏན་ལ་འབེབས་པ་མིན་གྱི། རང་བཞིན་གྱིས་མེད་ན་བོང་བུའི་རྭ་བཞིན་དུ་ཐ་སྙད་ཀྱི་རྣམ་བཞག་མི་འཐད་པར་རྒོལ་བ་ལ། རང་བཞིན་གྱིས་མེད་པ་ལ་རྟེན་འབྲེལ་རུང་བས་ཐ་སྙད་ཀྱི་རྣམ་བཞག་ཤིན་ཏུ་འཐད་པར་གྲུབ་པ་ཡིན་ནོ་ཞེས་སྟོན་པའི་ཕྱིར་རོ། །ཐ་སྙད་གྲུབ་པ་ཞེས་པའི་མིང་ཉིད་ཀྱིས་ཀྱང་སྟོང་ཉིད་རྒྱས་པར་མི་སྟོན་པར་གོའོ། །ཞེས་གསུངས་པས་ཐ་སྙད་གྲུབ་པ་ཞེས་པའི་བསྟན་བཅོས་འདི་རིགས་པའི་སྒོ་ནས་གཙོ་བོར་ཐ་སྙད་ཚད་གྲུབ་ཀྱི་རྣམ་བཞག་འཇོག་ཚུལ་སྟོན་པའི་བསྟན་བཅོས་ཞིག་ཡིན་པར་གདོན་མི་ཟའོ། །

འོ་ན་རིགས་ཚོགས་དྲུག་ལས་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པ་དུ་ཡོད་ཅེ་ན། འདི་རྒྱལ་ཚབ་དང་མཁས་གྲུབ་གཉིས་གསུངས་ཚུལ་མི་མཐུན་ཏེ། རྒྱལ་ཚབ་རྗེ་ལྟར་ན་ལུས་ཡོངས་སུ་རྫོགས་པ་ནི་བཞི་དང་། འཕྲོས་དོན་གྱི་བསྟན་བཅོས་གཉིས་སོ། །དེ་ལྟར་ཡང་རིན་ཕྲེང་དར་ཊཱིཀྐ་ལས། འདི་ནི་བསྟན་བཅོས་གཞན་གཉིས་ལྟར། དབུ་མ་རྩ་ཤེའི་འཕྲོས་དོན་ཙམ་མ་ཡིན་པས། བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པའོ། །ཞེས་འཕྲོས་དོན་གྱི་བསྟན་བཅོས་གཉིས་ལས་མ་གསུངས་པས་ལྷག་མ་བཞི་དེ་ལུས་ཀྱི་ཆ་ཚང་བར་གསུངས་སོ། །མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ་ལས། དེ་ལ་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ། རིན་ཆེན་ཕྲེང་བ་གསུམ་ནི་བསྟན་བཅོས་ལུས་ཡོངས་སུ་རྫོགས་པ་དང་། གཞན་གསུམ་ནི་རྩ་ཤེ་ལས་འཕྲོས་པའི་ཡན་ལག་ལྟ་བུའི་བསྟན་བཅོས་སོ། །ཞེས་གསུངས་སོ། །འདི་གཉིས་མི་འགལ་བར་བརྗོད་པར་བྱ་སྟེ། རྒྱལ་ཚབ་ཆོས་རྗེ་ནི་རབ་བྱེད་ལས་དངོས་སུ་འཕྲོས་པའི་བསྟན་བཅོས་གཉིས་དང་། རབ་བྱེད་ཉེར་བདུན་གང་རུང་ལས་མ་འཕྲོས་པའི་བསྟན་བཅོས་ལ་ལུས་ཡོངས་སུ་རྫོགས་པའི་བསྟན་བཅོས་སུ་གསུངས་སོ། །མཁས་གྲུབ་ཆོས་རྗེ་ནི་ཞིབ་མོ་རྣམ་འཐག་དངོས་སུ་རབ་བྱེད་འདི་ལས་འཕྲོས་པའི་དོན་མེད་ཀྱང་། རྩ་ཤེའི་ལུས་ཡོངས་རྫོགས་ཀྱིས་བདེན་གྲུབ་འགོག་ལ། དགག་བྱ་དེ་སྒྲུབ་བྱེད་ཀྱི་ཚིག་དོན་བཅུ་དྲུག་འགོག་པ་ལ་ཞིབ་མོ་རྣམ་འཐག་མཛད་ལ། དོན་གྱིས་རྩ་ཤེ་ལས་འཕྲོས་པ་ཡིན་ཏེ། ཚིག་དོན་བཅུ་དྲུག་གིས་རྩ་ཤེའི་འགོག་རྒྱུའི་དགག་བྱ་དེ་ཡོད་པར་བསྒྲུབ་པ་ཡིན་པས་དེ་འགོག་པའི་བསྟན་བཅོས་ཡིན་པས་ལུས་ལྟ་བུའི་བསྟན་བཅོས་སུ་མ་བཞག་པར་ཡན་ལག་ལྟ་བུའི་བསྟན་བཅོས་སུ་བཞག་གོ །རིགས་ཚོགས་དྲུག་པོ་དེ་སྟོང་ཉིད་རིགས་པའི་རྣམ་གྲངས་ཀྱི་སྒོ་ནས་སྟོན་པའི་བསྟན་བཅོས་སུ་བཞག་ན། རིགས་པ་དྲུག་ཅུ་པ་དང་རིན་ཆེན་ཕྲེང་བ་གཉིས་ཅིའི་ཕྱིར་སྟོང་ཉིད་རིགས་པའི་སྟོན་པའི་གཞུང་ལ་མི་བཞག་པར་། ཐར་པ་དང་ཐམས་ཅད་མཁྱེན་པར་ཐོབ་པའི་ལམ་གྱི་རྩ་བར་སྟོན་པའི་གཞུང་ལ་བཞག་ཅེ་ན། བཤད་པར་བྱ་སྟེ། འདིར་རིགས་ཚོགས་ཞེས་པ་ནི་སྟོང་ཉིད་རིགས་པས་སྒྲུབ་པ་མང་པོ་ཡོད་པའི་ཆ་ནས་བཞག་སྟེ། རྩ་ཤེ་ཊཱིཀྐ་ཆེན་ལས། བསྟོད་པ་འགའ་ཞིག་ལས་ཀྱང་སྟོང་ཉིད་བསྟན་མོད་ཀྱང་རིགས་པས་བསྒྲུབས་པ་མི་མང་ངོ་། །ཞེས་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་འགའ་ཞིག་ལས་སྟོང་ཉིད་རིགས་པས་བསྒྲུབས་ཀྱང་དེ་དག་རིགས་ཚོགས་ཀྱི་གྲལ་དུ་མ་བཞག་གོ །དེས་ན་རྩ་ཤེ་སོགས་དྲུག་པོ་འདིས་སྟོང་ཉིད་རིགས་པས་བསྒྲུབས་པ་མང་བས་ན་རིགས་ཚོགས་སུ་བཞག་གོ །འོན་ཀྱང་དྲུག་པོས་སྟོང་ཉིད་རིགས་པས་བསྒྲུབས་པ་མཚུངས་ཀྱང་། ནང་ཕན་ཚུན་ལ་གཙོ་བོར་སྟོང་ཉིད་རིགས་པས་སྒྲུབ་མིན་གྱི་ཁྱད་པར་ཡོད་པས། རིགས་པ་དྲུག་ཅུ་པ་དང་རིན་ཆེན་ཕྲེང་བ་གཉིས་ཀྱིས་སྟོང་ཉིད་རིགས་པས་མང་དུ་བསྒྲུབས་ཀྱང་། ཡུལ་སྟོང་ཉིད་རིགས་པའི་གཙོ་བོར་མི་བསྒྲུབས་པ་དང་། སྟོང་ཉིད་རྟོགས་པའི་ལམ་དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ཡང་རྩ་བ་ཡིན་པར་གཙོ་བོར་སྒྲུབ་པའི་ཕྱིར། སྟོང་ཉིད་རིགས་པའི་སྒྲུབ་པའི་གཞུང་ཞེས་པའི་ཁོངས་སུ་མ་བཏང་བར་མཐའ་བྲལ་རྟོགས་པའི་ལམ་འཁོར་བ་ལས་གྲོལ་བ་སྟོན་པའི་གཞུང་ཞེས་པའི་གྲས་སུ་བགྲངས་སོ། །དེ་ལྟར་ཡང་རིན་ཕྲེང་དར་ཊཱིཀྐ་ལས་། རིགས་པའི་ཚོགས་སྟོན་པའི་བསྟན་བཅོས་དེ་དག་ཀྱང་བསྡུ་ན། རྟེན་འབྱུང་གི་དེ་ཁོ་ན་ཉིད་གཙོ་བོར་སྟོན་པ་དང་། མཐའ་བྲལ་རྟོགས་པའི་ལམ་འཁོར་བ་ལས་གྲོལ་བ་གཙོ་བོར་སྟོན་པ་གཉིས་སུ་འདུའོ། །ཞེས་དང་། རྗེ་བཙུན་པའི་ཕར་ཕྱིན་སྤྱི་དོན་ལས་ཀྱང་། ཡུལ་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་གཞུང་བཞི། ཡུལ་ཅན་སྟོང་ཉིད་རྟོགས་པའི་ལྟ་བ་ཐར་པ་ཐོབ་པའི་ལམ་གྱི་རྩ་བར་སྟོན་པའི་གཞུང་གཉིས་ཞེས་དང་། དབུ་མའི་སྤྱི་དོན་དུ་ཡང་དེ་ཁོ་ན་བཞིན་དུ་གསུངས་སོ། །རེ་ཞིག་མཇུག་བསྡུའོ། །

འདིར་སྨྲས་པ། སྔ་ཕྱི་བོད་ཀྱི་མཁས་པའི་གཞུང་ལུགས་ལ། ། ཞིབ་མོའི་བློ་ཡིས་ཕུ་ཐག་མ་ཆོད་ཀྱང་། ། མཐོང་ཐོས་གོ་རེག་ཕྱོགས་ཙམ་ཡོད་པ་ལས། ། རྣམ་དཔྱོད་ལང་ཚོ་བརྟས་ཕྱིར་ངས་འདི་བྱས། ། མདོ་སྔགས་གཞུང་ལུགས་མ་དྲོས་མཚོ་མོ་ཆེར། ། ཟབ་རྒྱས་ཆོས་ཚུལ་རིན་ཆེན་ནོར་བུ་དག ། དྲི་མེད་རིགས་པའི་གྲུ་ཆེན་ལ་ཞུགས་ནས། ། གཏན་གྱི་འདུན་མ་སྒྲུབ་པའི་ངང་ཚུལ་ལགས། ། ཕྱོགས་འཛིན་ངར་ཞེན་སྐྱོན་གྱིས་བསྒྲིབས་པ་ཡི། ། སྐྱེས་བུ་དེ་ལ་དགའ་བློ་མི་སྐྱེ་མོད། ། ཟུར་གནས་བློ་དང་ལྡན་པའི་སྐྱེས་བུ་ཡི། ། འཛུམ་པའི་མདངས་ཀྱིས་ལྷམ་མེར་འགྱུར་བར་ངེས། ། ཕྱོགས་སུ་ལྷུང་བའི་ཡིད་བོར་ལུང་རིགས་ཀྱིས། ། རྒྱ་ཆེན་གཞུང་ལུགས་འདི་དང་འགལ་ལོ་ཞེས། ། མཁས་གྲུབ་དུ་མའི་མདུན་སར་འཐད་མིན་གྱི། ། རྩོད་པའི་སྤོབས་པ་ཡོད་ན་ལེགས་སོའི་གནས། ། ཞེས་བྱ་བ་འདི་ནི་དབུ་མའི་གཞུང་ལ་ཐོས་བསམ་ཅུང་ཙམ་བགྱིས་པ་སེར་བྱེས་ལྷོ་པ་རྒྱལ་བསྟན་ཆོས་ཚོགས་སམ་རོང་དྷརྨ་ཀཱ་ཡ་རུ་འབོད་པས་བོད་རྒྱལ་ལོ་2143རབ་བྱུང་བཅུ་བདུན་རབ་ལོ་ཉེར་དགུ་རབ་གནས་མེ་སྤྲེལ་ལོའི་ས་ག་ཟླ་བ་སྔ་མའི་ཚེས་མགོ་ནས་བརྩམས་ཏེ་མར་ངོའི་ཉི་ཤུ་ཉིན་སེ་ར་ཐེག་ཆེན་གླིང་དུ་མཇུག་ལེགས་པར་གྲུབ་པར་བྱས་སོ། །འདིས་ཀྱང་གཞན་ལ་ཕན་ཐོག་པར་གྱུར་ཅིག་གུ །སརྦ་མངྒལཾ།

展开阅读全文


阅读 3040 投诉
糖水设置
原创标注
隐藏封面
图片留白
水印
权限
保护 
私密 
公开 

 访客只有输入正确答案才能阅读 
确定
热门评论
写评论

糖水作者
关注本文作者,TA的更多作品
རོང་࿐རིགས་རལ།
创作 8 粉丝 8
关注
查看个人主页
推荐原创
我写我读,原创是内容的灵魂
浏览更多精彩内容
关于糖水 | App | 小程序 | 电脑版

本页面内容由用户上传 | 用户协议

© 2014-2024 糖水APP

忘记密码
0
收藏
投诉
取消
操作
发送
×

作者还没有开通赞赏功能

×

你还没有开通赞赏功能

糖水赞赏实时到账、0手续费