ཅ་ཅོལ་དབེན དྲན་པ་དྲགས། རྩོམ་འབྲི་བ......................བྱང་ཁྲ། སྤྲིན་པ་འཁྲིགས་ཏེ་གནམ་ངོ་གདིབ་ཅིང་དགུང་སྔོན་དག་ཀྱང་བཅོམ།། ཁ་བ་འབབ་ཅིང་རི་ལུང་གཡོགས་ཏེ་གྲང་ངར་མང་དུ་ལྡང་།། རྩ་སྔོན་བཅད་དེ་སྤོང་ཐང་རྫེད་ཅིང་ཐལ་སྐྱས་ཡུལ་གྲུ་བཀང་།། སེམས་པ་སྡུག་ཅིང་སྙིང་ཤ་ཚ་སྟེ་ཁྱེད་རང་དྲན་པ་དྲགས།། སྡུག་ཡུས་བཏང་སྟེ་རང་སེམས་འཁྲུགས་བཞིན་དོ་དགོང་མལ་ནས་ལྷུང་།། དྲྭ་འཕྲིན་མེད་ཅིང་གློག་གི་བཀོལ་སྤྱོད་ཀུན་ཀྱང་མེད་ཡུལ་ནས།། དྲན་པའི་སྙིང་ཤ་ལྡིར་སྒྲས་གང་ཞིང་གནམ་ས་གཡོ་བའི་བར།། ངོས་ཤེལ་དག་གི་བྱེད་གཟུགས་རང་ལ་འོ་ཆུང་བྱེད་ལས་ཅི།། ཐབས་ཟད་སྡུག་གི་མུན་པས་གང་བའི་འཇིག་རྟེན་འདི་ཡི་ང་།། གློ་སྙིང་གང་གི་ནང་བའི་མ་ལུས་པ་ཡིས་ཁྲིག་གེ་བ།། སུ་ཡིས་མི་ཐུབ་ཀུན་གྱིས་མི་ནུས་ཁྱེད་ཀྱི་ཕྱི་ནང་ལ།། དགའ་དུང་སྐྱ་བོས་ནམ་དུས་གཡོག་པར་དཔང་པོ་སུ་ཡང་འཇོག། སྐོམ་པས་འདོད་པའི་ཆུ་ལྟར་རུང་བའི་ང་དང་ཁྱོད་ཀྱི་སྐད།། དྲན་པ་དྲགས་པའི་དུས་ཀྱི་བར་འདིར་སུ་དང་གང་གིས་ཀྱང་།། སྙན་གྱི་རྣ་བས་ཁ་པར་ཉན་བཞིན་ཁྲ་རིལ་མིག་ཆུང་ཡང་།། ཁ་པར་དག་གི་ངོས་ཤེལ་གཡེང་བ་གསང་ཚིག་གཅེར་བུ་བ།། ཉི་འོད་འཕྲོས་ཤིང་དྲོ་གྲང་རན་པའི་ཞོགས་ཁའི་དུས་སོ་འདིར།། ཅོ་ཀ་འཇོ་མོས་སྒྲ་དབྱངས་གྲགས་ཤིང་མི་ཡི་ཅ་ཅོལ་དབེན།། སྙིང་གི་ཁོག་ཏུ་སུ་ཞིག་དྲན་པའི་རླུང་བུ་ལྡང་བར་བྱས།། འདི་ནི་ཁྱེད་ལ་གཅེས་པའི་ང་ཡི་ལས་དབང་གཏོགས་ཙམ་ངེས།། ཉིན་མཚན་མེད་པར་ལས་དབང་བཤད་ཅིང་རྩོམ་ཡིག་དག་གིས་ཀྱང་།། ལས་དབང་འབྲི་བཞིན་ཁྱེད་ལ་སྟེར་བ་ལན་ཅིག་ཙམ་མིན་པར།། ཚོར་བའི་དངར་ཁ་ཡོངས་རྫོགས་སྐོལ་ཏེ་ཡིག་འབྲི་ཁྲི་མ་འབུམ།། བློ་སྙིང་སྲོག་གི་ལམ་དག་རྒྱུད་དེ་བྲིས་པ་ང་ཡི་ལས།། ཉིན་གྱི་ལས་དང་དུས་ཀྱི་ཟས་དག་སྐོལ་བའི་བར་མཚམས་ཀྱང་།། བྲེལ་བྲེལ་འཚུབ་ཀྱིས་ཁྱེད་རང་བཀླག་ཏེ་དུས་ཚོད་བཅད་སོང་བ།། འཇིག་རྟེན་རྒན་པོས་གོ་ཐོས་བྱུང་ན་ཁྲེལ་གྱི་ཆད་པ་ཞིག། ང་ལ་མི་གཅོད་སུ་ལ་གཅོད་ཅེས་སྡོམ་ཚིག་རྒྱག་སྙིང་འདོད།། སྡོམ་ཚིག་མཚར་པོ་ཞེ་དྲག་འདི་དང་ད་དུང་དོན་ཆེན་དག། གང་དང་ཅི་ཞིག་མགོ་བོར་བབ་ཀྱང་དྲན་པའི་རླུང་དམར་གྱིས།། ཁྱེད་ལ་གཡོགས་པར་མ་འོང་དག་གི་རྒྱུད་རིམ་མ་ལུས་ལས།། བདག་རང་ཕྱིར་ནུབ་ཅུང་ཟད་མེད་ཅེས་སླར་ཡང་སྡོམ་སྙིང་འདོད།། འདི་དང་དེ་ཡི་བཤད་པ་ཀུན་པོ་གྲང་དཀྱིལ་སྙིང་དམར་གྱིས།། དྲན་པས་སྐུལ་ཏེ་ལྗག་གི་འདབ་མས་དེ་ཡི་གཡོག་བྱས་ཏེ།། ལྷང་ལྷང་སྒྲགས་འདི་སྙིང་གི་བརྩེ་ལོས་ཐང་ཅིག་ཐོས་སོང་ན།། གཞན་དང་སུ་དག་ཅིག་གིས་མ་ཐོས་ལྷག་པའི་སྐྱོན་དེ་མེད།།
དོ་ནུབ་ཀྱི་ཆམ་པ། ཡི་གེ་པ—བོད་ཁྲག ཆར་བ་ཤག་ཤག་གིས་རས་གཟན་རླན་བྱུང་།། རླུང་བུ་བསིལ་བསིལ་དེས་དྲང་ངད་རྡང་བྱུང་།། སྣ་འབུག་བུ་ག་ལ་འཕྲང་དོག་མེད་ཀྱང་།། ཆམ་རིམ་ཞེ་ནག་དེས་འཚང་ཁ་རྒྱག་བྱུང་།། བ་སྤུ་ནུས་མེད་དེ་ཕྲེང་གེ་རྡང་ཅིང་།། ཨ་ཆུ་འདར་བ་དེ་ལན་གསུམ་ཤོར་སོང་།། ཁོག་གི་སྲིན་འབུ་ཡང་འདར་ཙམ་བྱས་ཤིང་།། གཡས་ཀྱི་གློ་བ་ཡང་བརྒུལ་ཙམ་བྱས་སོང་།། དམིག་བུའི་རྩ་ངོགས་སུ་མཚོ་མོ་འཁྱིལ་འཁྱིལ།། སྣ་ཟོར་སྒང་བུ་རུ་ཆུ་མོ་གཞུར་གཞུར།། མགྲིན་པའི་གསང་ལམ་དུ་བྲིད་པ་འཐེན་འཐེན།། དོ་ནུབ་ཆམ་པ་འདི་ཁ་ཕོ་ཆེ་ཁུ།། ཤོག་གཙང་དཀར་དཀར་འདི་འགྲོ་སྒོ་ཆེ་ཁུ།། ཕྱག་གི་སོར་མོ་འདི་གདན་ཞུ་མང་གི། ན་ནིང་ཆམ་རིམ་དེ་ཟེར་ཟེར་མ་རེད།། ད་ལོ་ནད་ནག་འདི་སྡུག་རྩུབ་ཆེ་ཁུ།། སེར་བའི་བཅོམ་ཐུང་གི་ཁ་དོག་འགྱུར་སོང་།། གཟུ་མ་སྨིན་པོ་ཡང་བཙན་ཁ་གས་སོང་།། རང་མདོག་སྨུག་པོ་དེ་འགྱུར་ཉེན་གདའ་བས།། སྐྱོབས་མཛོད་སྨན་ལྷ་རང་འདིར་ག་མཛོད་ཅིག།
སེམས་ཀྱི་རྟོགས་ཚོར། ནང་སེམས་དྲན་ཤེས་དམར་པོ།། ཉུག་ནས་ཆུ་ལ་འདྲེས་སོང་།། འདྲེས་ནས་ཆུ་བོ་རྒྱས་སོང་།། ཆུ་ནང་ཉ་མོ་སྐྱིད་སོང་།། བཀྲ་ཤིས་ཁ་བ་དཀར་པོ།། འབབ་ནས་སྒང་ལ་ལྷུང་སོང་།། ལྷུང་ནས་གངས་རི་བརྗིད་སོང་།། གངས་སེང་སེམས་པ་དགའ་སོང་།། རྒྱ་སེའི་མེ་ཏོག་སེར་པོ།། འཁྲུངས་ནས་སྤང་ལ་བཞད་སོང་།། བཞད་ནས་རྩྭ་ཐང་མཛེས་སོང་།། གཡུ་སྦྲང་སེམས་པ་དགའ་སོང་།། འགྲིགས་སོང་། ནམ་མཁའི་སྤྲིན་པ་ཐ་ཐོར།། ཤར་གྱི་རླུང་བུས་དེད་སོང་།། དྭངས་མའི་ཨ་སྔོན་དབྱིངས་ནས།། འོད་ཀྱིས་ཁྱབ་པ་འགྲིགས་སོང་།། མཚན་གྱི་མུན་པ་ནག་པོ།། འོད་ཀྱི་ཕུང་པོས་གཏོར་སོང་།། མཚན་མོའི་ཐུན་མཚམས་དཀྱིལ་ནས།། སྐར་ཚོགས་འཁྱིལ་བར་འགྲིགས་སོང་།། རྒྱ་ལྕང་ལོ་མ་དམར་པོས།། མཚོན་གྱི་ཁ་མདོག་ངོམས་སོང་།། ལྷ་བྱ་ཁུ་བྱུག་ཅིག་གིས།། གསུང་སྙན་བསྒྲགས་པར་འགྲིགས་སོང་།། 2016/8/2ཉིན་སྤེལ་ཐེེངས་བཅུ་བ་སྤེལ།
展开阅读全文