མཚོ་སྡེ་བའི་ཀ ཧོར་ཚང་བསྟན་འཛིན་ཕུན་ཚོགས། མཚོ་སྡེ་བ་ནི་མཐོ་སྒང་གི་ཡ་ཐོག་མཛེས་པའི་སྡེ་བ་ཆུང་ཆུང་ཞིག་ཡིན། ངས་ཚོད་དཔག་བྱས་པ་ལྟར་ན་མཚོ་སྡེ་བའི་མིང་གི་འབྱུང་ཁུངས་ནི། མཚོ་མིང་ཡུལ་ལ་ཐོགས་པ་རེད་སེམས་སོང་རྒྱུ་མཚན་སྡེ་བ་དེའི་ཕུ་ལ་གནས་མཆོག་སེང་གེ་ཁྱུང་འདྲ་བ་ཞིག་ཡོད་པ་དང་དེའི་མདུན་ལ་མཚོ་མོ་མིག་ཏུ་མཛེས་ལ་སྐྱེས་བོ་མང་པོའི་སེམས་པ་དབང་མེད་འགུག་ཅིང་ཡུལ་ལ་གཏེར་ཆུ་སྦྱིན་པའི་གཡུ་མཚོ་ཞེས་པའི་མཚོ་མོ་ཞིག་ཡོད་པའི་ཕྱིར། གལ་ཏེ་མཚོ་མོ་དེ་མེད་ན་ཡུལ་འདིའི་ཕྱུགས་རིགས་འཕེལ་ཁ་དང་ཡན་ལག་བརྒྱད་ལྡན་གྱི་ཆུ་ལ་ཉམས་སུ་རོལ་ཡོད་མེད་ཀྱང་བཤད་དཀའ་མོ་རེད། བཤད་སྲོལ་ལྟར་ན་གནས་མཆོག་སེང་གེ་ཁྱུང་འདྲ་ནི་གནས་བྱིན་རླབས་ཅན་ཞིག་ཡིན་པ་མ་ཟད་དྲག་པོ་ཅན་གྱི་གནས་རི་ཞིག་ཀྱང་ཡིན་རབ་རེད། ཁོང་གི་མདུན་ནས་རི་འཚོ་སྲོག་ཆགས་དང་རང་བྱུང་ཁོར་ཡུག་ལ་གནོད་པ་བྱས་ཚེ་གཡུ་མཚོའི་ཡན་ལག་བརྒྱད་ལྡན་གྱི་མཚོ་མོ་སྐེམ་ནས་ཡུལ་ལ་ཐན་པ་བྱུང་ཡོང་ཟེ། རྒྱུད་མེད་ཀྱི་མི་ཞིག་གིས་བལྟས་ན་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཞིག་སྐེམ་འགྲོ་ཟེར་ན་དེ་རྣར་མི་འགྲོའང་ཁོང་ཚོའི་སྡེ་བ་ཡི་མི་ཚང་མ་ཡིད་ཆེས་ནས་ཡོད། ངས་སེམས་ན་ཁོང་ཚོ་སྡེ་བའི་སྔོན་བྱོན་མེས་པོ་རྣམས་ཀྱི་བསླབ་བྱ་ཞིག་ལ་ངོས་འཛིན་བཞིན་ཡོད། རྒྱུ་མཚན་བོད་ཡུལ་ནས་འདི་འདྲ་སློབ་གསོའམ་སྲོལ་རྒྱུན་གྱི་ཤུགས་ལ་བསྟེན་ནས་གཏེར་ཁ་དང་ཁོར་ཡུག་མཛེས་ལྗོངས་སྲུང་སྐྱོབ་བྱ་བའི་གོམས་གཤིས་བཟང་པོ་ཞིག་ཡོད་པའི་དབང་གིས་སོ།། ཞོགས་པའི་ཉི་གཞོན་ཤར་ཕྱོགས་གངས་རིའི་སྤོ་ནས་འཛུམ་མ་ཐག་གནས་མཆོག་སེང་གེ་ཁྱུང་འདྲས་རྨ་བྱའི་སྒྲོ་མདོངས་དང་ནེ་ཙོའི་སྒྲོ་ཐུལ་ལྟ་བུའི་འོད་ཀྱི་མཛེས་པ་བསྐྲུན་ཡོང་ལ་གཡུ་མཚོས་ཀྱང་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པའི་ཆེད་དུ་སྙན་འཇེབས་ཀྱི་གླིང་བུ་འཁྲོལ་ནས་དལ་མེད་ཀྱི་བཞུར་རྒྱུན་རྒྱང་རིང་ལ་དྲང་རྒྱུར་འབད་སོང་། སྡེ་དཔོན་ནོར་དགའ་སྦྲ་ནང་ནས་སྒོར་བུད་རྗེས་ལག་པས་ཐོད་པ་འགེབས་བཞིན་གནས་མཆོག་སེང་གེ་ཁྱུང་འདྲ་ལ་གཟིགས་ཙམ་བྱས་རྗེས། ཐག་རིང་གི་གཞུང་ལམ་ཀྱག་ཀྱོག་ལའང་གཟིགས་ཙམ་བྱས། ཕལ་ཆེར་རྒྱང་རིང་གི་མགྲོན་པོ་གལ་ཆེན་ཞིག་ལ་རེ་སྒུག་བྱེད་བཞིན་པ་དང་མཚུངས།མདང་དགོང་ཡང་ཁོས་ཆུང་མ་ལ་གྲ་སྒྲིག•••••ལེགས་པོ•••••མགྲོན་པོ••••གལ་ཆེན•••••ཕེབས་ཞེས་ངས་རླུང་འཚུབ་ཀྱི་སྐྱོད་བཞིན་པའི་སྦྲ་འདབས་ནས་གསལ་པོ་མིན་པའི་གཏམ་ཁ་ཤས་གོ་སོང་། དེ་རིང་སྡེ་དཔོན་གྱི་ཉམས་འགྱུར་དང་མདང་དགོང་གི་གསལ་པོ་མིན་པའི་ཚིག་དེ་གཉིས་མཉམ་དུ་སྦྱར་ན་མགྲོན་པོ་གལ་ཆེན་ཞིག་ཕེབས་རྒྱུ་ཡིན་པ་རྟོགས་ཐུབ། དེའི་རྗེས་ནས་སྡེ་དཔོན་གྱིས་འདང་ཅི་ཞིག་རྒྱག་བཞིན་པ་མི་ཤེས་ཀྱང་ཁོང་གི་ཉམས་འགྱུར་ལ་བལྟས་ན་ཕལ་ཆེར་དོན་ཆེན་ཞིག་གིས་འདང་རྒྱག་དགོས་པའི་གནས་སུ་ཁྲིད་སོང་པ་འདྲ། ཁོས་འདང་རྒྱག་བཞིན་པའི་སྒང་ལ་ཆུང་མས་ནོར་དགའ་ནངས་ཇ་འཐུང་རན་འདུག་ཟེར་ནས་ཁོང་འདང་རྒྱག་གི་ཞིང་ས་ནས་ཚུར་རྣམ་ཤེས་ཐོན་སོང་། ཁོས་འོ་ཡ་ཟེར་བཞིན་གདོང་ལ་ཅུང་ལྷོད་པའི་ཉམས་ཤིག་ཤར་ནས་ཁྱིམ་ལ་འཛུལ་སོང་། སྦྲ་ནང་དུ་འཛུལ་རྗེས་ཆུང་མས་འོ་ཇ་ཞིམ་པོ་ཞིག་བསྐོལ་ནས་ཁོ་རང་སྒུག་འདུག ཁོང་གཉིས་གཉེན་སྒྲིག་བྱས་ནས་ལོ་ཁ་ཤས་འགོར་ཀྱང་ཕྲུ་གུ་གཅིག་ཀྱང་མེད། དོན་དེའི་ཆེད་དུ་སྡེ་དཔོན་གྱིས་ལོ་མང་པོའི་རིང་འབད་པ་ཅི་ཙམ་བྱས་ཀྱང་འབྲས་མེད་དུ་ལུས། ཆུང་མས་གདན་ཐོག་ཏུ་སྡོད་དང་ངས་ཇ་བླུགས་ཡོང་ཟེར་བཞིན་དངུལ་གྱིས་ཤན་པའི་ཅ་ནེ་དེ་ཁོའི་ལག་ཏུ་གཏད། དེ་ནས་ཁྱོ་ཤུག་གཉིས་ཀྱིས་འོ་ཇ་འཐུང་བཞིན་དུ་ཉིན་གཅིག་གི་འཚོ་བ་ལ་སྟ་གོན་བྱས། ཁོང་གཉིས་ཀྱི་ཁྱོད་ཀྱིས་ཟོས་དང་ཁྱོད་ཀྱིས་འཐུང་ཡ་ཟེར་བའི་སྐད་ལས་ཁྱོ་ཤུག་མཐུན་པོ་གཉིས་ཡིན་རྒྱུ་ཐེ་ཚོམ་ཅི། ཡུད་ཙམ་འགོར་རྗེས་ནངས་ཇ་བཏུང་ཚར་སོང་། སྡེ་དཔོན་ད་དུང་གདན་ལ་བསྡད་ནས་ཇ་འཐུང་བཞིན་སྨ་ར་ལ་བྱིལ་བྱིལ་འགལ་བྱས་རྗེས་འདང་རྒྱག་གི་གནས་སུ་ལྷུང་། ཆུང་མས་འོ་བསྲུབ་འཕྲུལ་ཆ་ལ་བསྟེན་ནས་འོ་མ་བསྲུབ་མགོ་བརྩམ།
སྐབས་དེར་གློ་བུར་དུ་ཕྱི་རོལ་ནས་ཁྱིའི་ཟུག་སྐད་གྲགས་སོང་སྡེ་དཔོན་གློ་བུར་དུ་ཁྱིའི་ཟུག་སྐད་ཀྱི་འདང་རྒྱག་གི་གནས་ནས་རྣམ་ཤེས་ཕྱིར་ཁྲིད་སོང་པས། ཁོ་འགྲེ་ལྡོག་ཅིག་བརྒྱབ་ནས་སྦྲ་ནག་གི་སྒོ་ལ་བུད་སོང་། གནམ་ལ་འདྲེན་པ་དང་མཚུངས་པའི་གཞུང་ལམ་དེའི་ནང་ནས་རླངས་འཁོར་ནག་པོ་ཞིག་བྱ་འཕུར་བ་ལྟར་སྡེ་དཔོན་གྱི་སྦྲ་འདབས་སུ་ཁ་ལོ་རྒྱུ་སོང་། སྡེ་དཔོན་གྱིས་རླངས་འཁོར་མཐོང་མ་ཐག་ཏུ་སྦྲ་ནང་དུ་འཛུལ་ཏེ་ཁ་བཏགས་དཀར་པོ་ཞིག་ཁྱེར་ནས་སྒོ་ལ་བུད་མ་ཐག རླུངས་འཁོར་ནག་པོ་དེའང་སྡེ་དཔོན་ཚང་གི་སྒོ་འདབས་སུ་བསྡད་འདུག རླུངས་འཁོར་ལས་མི་གསུམ་བབས་ལ་སྡེ་དཔོན་ཀྱིས་ཁ་བཏགས་བཟུང་ནས་མདུན་བསུ་བྱས། སྐབས་དེར། དེ་དག་ལས་ཤ་ཅུང་ཙམ་རྒྱགས་པ་ཞིག་གིས་གནས་མཆོག་སེང་གེ་ཁྱུང་འདྲ་ཡ་གི་དེ་ཨི་རེད་ཟེར། སྡེ་དཔོན་གྱིས་དེ་མ་ཐག་ཏུ་རེད་ལགས་ཞེས་ལན་བཏབས། མི་དེའི་གདོང་ལ་འཛུམ་མདངས་ཤིག་རྒྱས་ནས་འོ་ངོ་མ་མཛེས་པོ་འདུག་ཟེར། དེ་ནི་ཅི་འདྲའི་བསླུ་བྲིད་ལྡན་པའི་འཛུམ་མདངས་ཤིག་དང་དེ་ནི་ཅི་འདྲའི་མི་རིགས་ལ་ཤ་ཞེན་མེད་པའི་འཛུམ་བག་ཅིག་གོ། སྦྲ་ནང་དུ་སླེབས་རྗེས་དེའི་ཁྲོད་ནས་ཤ་ཅུང་ཙམ་རིད་ལ་གཟུགས་རིང་པའི་ཕོ་གསར་དེས་ཤ་ཅུང་ཙམ་རྒྱགས་པའི་མི་དེ་ལ་ལག་པས་གུས་པ་དང་བཅས་པའི་སྒོ་ནས། ཁོང་ང་ཚོའི་རྫོང་གི་རྫོང་དཔོན་རེད་ཟེར་ནས་ངོ་སྤྲོད་བྱས། ད་དུང་རྒྱ་ཞིག་ཡོད་པ་དེ་ནི་གཏེར་ཁ་སྔོག་མཁན་མཁས་པ་རེད་ཟེར་ནས་ངོ་སྤྲོད་བྱས། དེ་ནས་སྡེ་དཔོན་གྱིས་ཤ་དང་ཞོ་འོ་མ་བཅས་ཀྱིས་རྫོང་དཔོན་ཚང་ལ་སྣེ་ལེན་གྱ་ནོམ་པ་ཞིག་བྱས། དེ་ནས་རྫོང་དཔོན་གྱིས་སྡེ་དཔོན་ལ་ད་ང་ཚོ་གནས་རི་སེང་གེ་ཁྱུང་འདྲ་ལ་གནས་སྐོར་འགྲོ་རྒྱུ་ཡིན་པས་ཁྱོད་ངེད་གསུམ་པོ་ལ་འགྲོ་རོགས་བྱོས་ཤིག་ཅེས་རྫོང་དཔོན་གྱིས་བཀའ་བསྩལ། དེ་ནི་རྒྱུན་ལྡན་གྱི་གནས་སྐོར་ཞིག་ག་ལ་ཡིན་དེེ་ནི་ཅི་འདྲའི་བསླུ་བྲིད་ཁྲེལ་མེད་ངོ་ཚས་ཕྱུག་ཅིང་ལ་རྒྱ་རིགས་ཞེན་གང་ཡང་མེད་པའི་གནས་སྐོར་ཞིག་རེད་ཨང་། ད་ཅི་འདྲ་བཤད་ཀྱང་ཁྲེལ་མེད་ཀྱི་གནས་སྐོར་ཞིག་གི་མགོ་བཙུགས་ཟིན་པས། སྡེ་དཔོན་གྱིས་ཆང་དང་བཟའ་ཆས་གྲ་སྒྲིག་བྱས་ནས་རྫོང་དཔོན་སོགས་བསུས་ནས་གནས་མཆོག་སེང་གེ་ཁྱུང་འདྲའི་ཕྱོགས་སུ་ཁ་གཏད་ནས་ཕེབས་སོང་། ལམ་བར་དུ་རྫོང་དཔོན་གྱིས་སྡེ་དཔོན་ལ་སྐད་ཆ་མང་པོ་ལབ་ཀྱང་མཐོ་སྒང་གི་རླུང་འཚུབ་དྲག་པའི་དབང་གིས་གཏེར་ཁ་•••••••••དངུལ་སྒོར•••••••••མང་ཚོགས••••••••སློབ་གསོ་ཞེས་པའི་ཚིག་འབྲུ་འགའ་ལས་ཅིའང་ཐོས་མ་སོང་། གནས་མཆོག་སེང་གེ་ཁྱུང་འདྲའི་མདུན་དུ་སླེབས་མ་ཐག་གཏེར་མཁན་གྱི་པར་ཆས་དང་ཕལ་ཆེར་གཏེར་འཚོལ་འཕྲུལ་ཆ་ཡིན་ལས་ཆེ་བའི་འཕྲུལ་ཆ་དག་བེད་སྤྱོད་སྣ་ཚོགས་བྱས། ཉི་མ་ནུབ་རིའི་རྩེ་ལ་སླེབས་དུས་ཉི་འོད་གཡུ་མཚོའི་ངོས་སུ་འཕྲོས་པ་ན་གཡུ་མཚོ་ལ་གསོན་ཤུགས་ཤིག་སྦྱིན་པའི་ཚོར་སྣང་གིས་འོད་ཆེམ་ཆེམ་བྱེད་བཞིན་འདུག སྐབས་དེར་གྲང་ངར་ཡང་ཅུང་ཙམ་འཇམ་ནས་བསྡད་འདུག རྫོང་དཔོན་གྱིས་གཏེར་མཁན་གྱི་རྒྱ་དེ་ལ་རྒྱ་སྐད་ཀྱི་ལམ་ནས་差不多了 回去吧ཞེས་བཤད་རྗེས་རྒྱ་དེའི་མགོ་བོ་ལྡེམ་ལྡེམ་གྱིས་བློ་བབས་པའི་ཉམས་འགྱུར་བསྟན། དེ་ནས་ཁོང་ཚོ་སྡེ་དཔོན་ཚང་གི་ཕྱོགས་ལ་གོམ་ཁ་སྤོས། སྡེ་དཔོན་ཚང་ལ་སླེབས་རྗེས་ཟ་འཐུང་ཡིད་ཚིམ་པ་ཞིག་བྱས་རྗེས་རྫོང་དཔོན་བཅས་རླངས་འཁོར་ལ་བསྡད་ནས་གནམ་ས་འདྲེན་པའི་ལམ་དེ་ཞུགས་ནས་རྫོང་དུ་ཕྱིན་སོང་། འབྲོག་པའི་དབྱར་གཞུང་ལས་ཀ་མང་པ་ལྟར་སྡེ་བའི་སྒོ་ཕྱུགས་རྣམས་ལྷས་རར་འཁོར་ནས་རང་རང་ས་ནས་འབྲི་མོའི་འོ་མ་འཇོ་བ་བཅས་ཀྱི་ལས་ཀལ་ཧ་ཅང་བྲེལ་འཚུབ་ཆེ། ལས་ཀ་ཐམས་ཅད་འགྲུབ་ནས་ཅུང་ཙམ་ལྷོད་ལ་བབས་པའི་དུས་སུ་ཕལ་ཆེར་མུན་ཡང་རུབ་ལ་ཉེ་འདུག སྡེ་དཔོན་ཚང་དང་སྡེ་མི་ཚང་མས་ནུབ་ཇ་འཐུང་བཞིན་འདུག འབྲོག་པའི་རྩྭ་ཐང་ནི་ཅི་འདྲའི་ལྷིང་འཇགས་ཤིག་རེད་ཨང་། ནོར་ནག་གི་ངུར་སྒྲ་དང་ཁྱིའི་ཟུག་སྐད་ཁ་ཤས་ཙམ་ལས་ཅིའང་རྣ་ལམ་དུ་ཐོས་རྒྱུ་མི་འདུག ད་ནི་ས་ཡོངས་སུ་རུབ་སོང་ཟླ་གཞོན་ཡང་ཤར་ཕྱོགས་ཀྱི་རི་བོའི་སྤོ་ནས་མཐོན་མཐིང་ནམ་མཁའི་དབྱིངས་སུ་དལ་གྱིས་གོམ་ཁ་སྤོས། ཟླ་འོད་ཀློང་གི་གནས་མཆོག་སེང་གེ་ཁྱུང་འདྲ་ནི་ཉི་དཀར་དང་འདྲ་བའི་བརྗིད་ཆགས་མེད་ཀྱང་ཡངས་པའི་རྩྭ་ཐང་འདི་ལ་མུ་ཏིག་གི་ཕྲ་རྒྱན་ཞིག་རྒྱན་འདུག བསིལ་རླུང་དལ་དལ་གྱིས་རྩྭ་ཐང་གི་མཛེས་རྒྱན་སྦྲ་ནག་གི་རས་མཐའ་ཅུང་ཙམ་གཡོ་སོང་ཡང་ནང་དུ་བསྡད་པའི་འབྲོག་པ་མང་ཚོགས་ལ་ཚོར་སྣང་ཙམ་ཡང་མ་བྱིན། དྲག་ཆར་དང་བུ་ཡུག་གི་ཁྲོད་ལ་ནམ་ཡང་འཚོ་བ་རོལ་བའི་རྐྱེན་གྱིས་ཡིན་ནམ་སྙམ། སྡེ་བ་ཡོངས་ཀྱི་འབྲོག་མིའི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་གློག་སྒྲོན་གཟིམ་ནས་རྨི་ལམ་གྱི་ཞིང་ས་རུ་བསྙིལ་མགོ་བརྩམ་ཡང་སྡེ་དཔོན་ཚང་ད་དུང་ཉལ་རྩིས་མེད་པ་འདྲ། ནང་དུ་ད་དུང་ཁྱོ་ཤུག་གཉིས་ཀྱི་ཅིག་ཅིག་ཉིག་ཉིག་ཟེར་བའི་སྒྲ་ཐོས་ཐུབ་འོན་ཀྱང་ཅུང་ཙམ་འགོར་རྗེས་གློག་སྒྲོན་གཟིམ་ནས་ཁྱོ་ཤུག་གཉིས་ཀྱང་རྨི་ལམ་གྱི་ཞིང་དུ་བསྙིལ་སོང་། སྐྱ་རེངས་སྣང་བ་དཀར་པོས་ཕུ་མདའ་ནས་གསལ་དུས་འབྲོག་མོ་ཚོ་མལ་ལས་ལངས་ནས་འབྲི་རྒན་མ་དེ་ཚོ་འཇོ་རུ་སླེབས་སོང་སྡེ་དཔོན་གྱི་དགའ་མའང་དལ་དལ་ལྷོད་ལྷོད་ཀྱིས་མལ་ལས་ལངས་ཀྱང་སྡེ་དཔོན་རྨི་ལམ་གྱི་ཞིང་ཁམས་ནས་དཀྲོག་སོང་། སྡེ་དཔོན་ཀྱིས་སྐྱ་རེངས་ཤར་སོང་ངམ་ཞེས་དགའ་མར་དྲིས་པས་དགའ་མས་རེད་ལགས་ཞེས་ལན་བཏབས། དགའ་མས་འཇོ་ཟོ་ཁྱེར་ནས་ལྷས་ནང་དུ་བུད་སོང་སྡེ་དཔོན་མལ་ས་ལས་ཡང་བསྐྱར་འདང་རྒྱག་གི་གནས་སུ་ལྷུང་སོང་། སྡེ་བའི་ནང་གི་འཇོ་མ་ཚོས་འབྲི་མོ་འཇོ་ཚར་ནས་རང་རང་གི་ཁྱིམ་དུ་ལོག་ནས་ནངས་ཇ་ཞིམ་པོ་ཞིག་བསྐོལ་བའི་སྟ་གོན་བྱས། རྟ་བདུན་དབང་པོ་ཤར་ཕྱོགས་ཀྱི་རི་བོའི་རྩེ་ནས་འཛུམ་སོང་བའི་དབང་གིས་དེ་རིང་གནམ་གཤིས་བཟང་པོ་ཞིག་ཡིན་རྒྱུ་ཉི་མའི་འོད་ཀྱིས་དབུ་ཁྱུད་བྲིས་འདུག སྡེ་དཔོན་མལ་ལས་ལངས་རྗེས་སྔར་བཞིན་སྦྲ་ནག་གི་སྒོར་བུད་ནས་གནས་མཆོག་སེང་གེ་ཁྱུང་འདྲ་ལ་གཟིགས་ཙམ་བྱས་གནས་མཆོག་སྔར་ལས་ཀྱང་བརྗིད་ཆགས་ལྡན་པའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་བྱིན། སྡེ་དཔོན་ཁྱིམ་ལ་འཛུལ་ནས་ཆུང་མས་བསྐོལ་བའི་ནངས་ཇ་ཞིམ་པོ་དེ་བཏུང་རྗེས་གོས་བཟང་པོ་ཡི་རྒྱན་ཆ་གྱོན་ནས་འཕྲུལ་རྟ་ལ་ཞོན་ཏེ་སྡེ་མི་ཚོ་ལ་དེ་རིང་ཚོགས་འདུ་གལ་ཆེན་འཚོགས་རྒྱུའི་བརྡ་བཏང་། དེ་ནས་ཡུད་ཙམ་འགོར་རྗེས་སྡེ་དཔོན་ས་རྒྱ་ཅུང་ཆེ་བའི་རྩྭ་ཐང་ནས་ཡུལ་མི་ཚོ་ལ་སྒུག་ནས་བསྡད།
ཡུལ་མི་ཚོ་གྲོག་མ་ཟས་ལ་རུབ་པར་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་འདུས་སོང་། སྡེ་དཔོན་གྱིས་མི་ཚང་མ་འདུས་ཚར་རམ་འདུས་ཚར་ན་ཚོགས་འདུས་འགོ་རྩོམ་རྒྱུ་ཡིན་ཞེས་བཤད་རྗེས་མི་ཚང་མས་ཅིའང་མ་སྨྲས། དེ་ནས་སྡེ་དཔོན་གྱིས་དེ་རིང་ཡུལ་མི་ཚོ་འདི་རུ་བསྡུས་ནས་ཚོགས་འདུ་ཞིག་འཚོགས་རྒྱུ་ཡིན་པས་ཚོགས་འདུ་ཡི་ནང་དོན་གཙོ་བོ་ནི་ང་ཚོའི་འཚོ་བའི་ཆ་རྐྱེན་ཇེ་བཟང་ཇེ་ལེགས་སུ་འགྲོ་བའི་ཆེད་དུ་རྫོང་དཔོན་ལགས་ཀྱིས་ཐུགས་ཁུར་གང་མང་གནང་བ་ལ་ང་ཚོས་བཀའ་དྲིན་ཡིན་པར་ངོས་བཟུང་ཞིང་སྐུ་དྲིན་ཡིན་པར་དོན་རྟོགས་དགོས། རྫོང་དཔོན་ལགས་ཀྱི་ང་ཚོ་སྡེ་བའི་འཚོ་བ་ཇེ་བཟང་དུ་ཡོང་ཆེད་གནས་མཆོག་སེང་གེ་ཁྱུང་འདྲའི་གཏེར་ཁ་ཁ་ཤས་གཏེར་འདོན་བྱེད་པའི་ཐབས་ལམ་བཟང་པོ་དྲན་ཡོད་པ་རེད། དེ་ལ་ང་ཚོས་རྒྱབ་སྐྱོར•••••••••ཞེས་ཚིག་རྔ་མ་རྫོགས་གོང་ནས་ཚོགས་ར་འུར་ཟིང་ངེར་གྱུར། འོན་ཀྱང་མི་གཅིག་ཀྱང་ཡར་ལངས་ཏེ་ཡིན་མིན་གྱི་གནས་ལུགས་བཤད་མཁན་མ་བྱུང་། དེ་ནས་སྡེ་དཔོན་གྱིས་མང་ཚོགས་ཀྱི་རྣམ་འགྱུར་རྟོགས་ཏེ་ཚང་མ་ལ་ཅི་བཤད་རྒྱུ་ཡོད་ན་ཡར་ལངས་ཏེ་རེ་རེ་ནས་བཤད་ན་བཟང་ཞེས་བཤད། དེ་ནས་མི་ཅུང་ལོ་ཆེ་ཞིང་མིང་ལ་བློ་གྲོས་ཟེར་བ་ཞིག་ཡར་ལངས་ཏེ་གནས་མཆོག་སེང་གེ་ཁྱུང་འདྲའི་བྱུང་ཚུལ་དང་སྔོན་བྱོན་མེས་པོ་དག་གིས་དེ་ལ་སྲུང་སྐྱོབ་བྱེད་དགོས་ཚུལ་སོགས་གང་མང་བཤད་རྗེས་ང་ཚོ་མུ་གེས་ཤིའང་འདིའི་གཏེར་ཁ་རྡོ་གཅིག་ཀྱང་མི་སྔོག་ཅེས་སྨྲས། དེ་ནས་ཡང་བསྐྱར་མང་ཚོགས་ཀྱི་འུར་བརྒྱབ་སྟེ་ཚང་མས་གཏེར་ཁ་མི་སྔོག་པའི་སྐད་ཆ་བཤད། ཡང་མི་ཅུང་གཟུགས་རིང་བའི་ཕོ་གསར་བློ་མཁས་ཞུ་བ་དེ་ཡར་ལངས་ཏེ་ད་ལྟ་རྒྱལ་ཁབ་སོ་སོའི་གཏེར་ཁ་སྲུང་སྐྱོབ་དང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་ལྟ་སྐུལ་བྱེད་པ་མ་ཡིན་ནམ། ང་ཚོ་ནི་གཙང་གསུམ་གྱི་མགོ་ཁུག་ལ་ཡོད་རྐྱེན་གལ་ཏེ་འདིའི་གཏེར་ཁ་སྔོག་ན་གཙང་གསུམ་ཆུ་ཡི་བཞུར་རྒྱུན་ཉམས་སོང་ན་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་ལ་གནོད་པ་མ་ཚད་རང་བྱུང་སྐྱེ་དངོས་ལའང་གནོད་པ་ཆེ་ཆེར་ཡོད་ངེས་རེད་ལགས། དེ་བའི་རྐྱེན་ང་ཚོས་རང་གི་འཚོ་བའི་དཀའ་ངལ་ཅུང་ལ་སེམས་ནས་བྱ་བ་ངན་པ་བྱ་ཨི་རུང་ངམ། དེ་བས་ང་ཚོས་བསམ་བློ་ལེགས་པོ་གཏོང་ན་དགའ་རྒྱུ་རེད་ལགས་ཅེས་ལབ། ཡང་བསྐྱར་མི་ཚོགས་འུར་ཟེང་ངེར་གྱུར་སྡེ་དཔོན་གྱིས་གནས་ཚུལ་བཟང་པོ་མ་གྱུར་བ་མཐོང་རྐྱེན་འུར་སྒྲ་མ་རྒྱགས་རྫོང་དཔོན་ཚང་གི་ཐབས་འདི་གོང་རིམ་གྱིས་བློར་བབས་ཡོད་པས་ཁྱེད་ཚོས་གང་མོས་མ་བཤད་མ་གཏོགས་ཁྲིམས་ཆད་ཕོག་ངེས་ཡིན་ཞེས་འཇིགས་སྐུལ་བྱས། འོན་ཀྱང་མང་ཚོགས་ནི་ད་དུང་འུར་ཟིང་གི་གནས་སུ་ལྷུང་། དེ་ནས་སྡེ་དཔོན་གྱིས་ངས་ཁྱེད་ཅག་གི་བསམ་ཚུལ་རྫོང་དཔོན་ཚང་ལ་ཞུ་འོང་ཟེར་ནས་འུར་ཟིང་ངེར་ཚོགས་འདུ་གྲོལ། དེ་ནས་སྡེ་དཔོན་ཁྱིམ་དུ་ལོག་ནས་དྲོ་ཟས་ཟོས་རྗེས་འཕྲུལ་རྟ་ཞོན་ནས་གནམ་ས་འདྲེན་པའི་གཞུང་ལམ་རྒྱུད་ནས་རྫོང་ཐོག་ཏུ་བྱ་འཕུར་བ་ལྟར་རྒྱུགས་སོང་། རྫོང་ཐོག་ཏུ་སླེབས་རྗེས་རྫོང་དཔོན་ཚང་གི་ལས་གནས་ལ་ཕྱིན་ཏེ་གནས་ཚུལ་ཚང་མ་མ་ཆད་མ་ལུས་པ་རྫོང་དཔོན་ཚང་ལ་ཞུས། རྫོང་དཔོན་ཅུང་ཙམ་སེམས་མ་བདེ་བའི་ཉམས་འགྱུར་དང་བཅས་འདང་རྒྱག་གི་གནས་སུ་ཡུད་ཙམ་ལྷུང་། འབྲི་ཐུ་ལག་ནས་བཞག་རྗེས་འུ་གཉིས་སྤྱི་བདེ་ཅུའུ་ཚང་ལ་འགྲོ་དགོས་གདའ་ཟེར་བཞིན་ནེམ་ཁྲི་ལས་ལངས་ཏེ། སྒོ་ལ་བུད་དེ། རླངས་འཁོར་ལ་བསྡད་ནས་སྤྱི་བདེ་ཅུའི་ཕྱོགས་ལ་ཁ་ལོ་བསྒྱུར་སོང་། སྤྱི་བདེ་ཅུའུ་ཚང་ལ་བསླེབས་རྗེས། ཅུའུ་ཀྲང་དང་ཁ་བརྡ་མང་ཙམ་བྱས་ཏེ། བློ་གྲོས་བཅས་བཙོན་གྱིས་གནོན་པའི་གྲོས་མཐུན་བྱུང་། དེ་བའི་སྐབས་སུ་རྫོང་དཔོན་དང་ཅུའུ་ཀྲང་རྣམ་གཉིས་ཀྱང་ལས་ཀ་གྲོལ་བའི་དུས་སུ་སླེབས་འདུག་པས་སྡེ་དཔོན་གྱིས་རྣམ་པ་གཉིས་ལ་ཅིས་ཀྱང་ཁོང་ཚོའི་གཡོ་ཐབས་ལམ་དུ་འགྲོ་བའི་ཆེད་དུ་ཟ་མ་ཞིག་བཟའ་རུ་འགྲོ་བའི་ཞུ་བ་ཡང་ཡང་བྱས་རྐྱེན་ཁོ་ཚོ་རྫོང་དཔོན་ཀྱི་རླངས་འཁོར་ལ་བསྡད་ནས་རྫོང་ཐོག་གི་ཟ་ཁང་ཡག་ཤོས་ཤིག་ཏུ་ཕྱིན། ཟ་མ་ཟོས་ཚར་རྗེས་མཚམས་སྤྲིན་དམར་པོས་ཉི་མ་ནུབ་ལ་ཉེ་བའི་དབུ་ཁྱུད་བྲིས་རྐྱེན་ཁོང་རྣམ་གསུམ་སོ་སོའི་གནས་སུ་ལོགས། སྡེ་དཔོན་ཁྱིམ་དུ་སླེབས་རྗེས་ཆུང་མས་ནུབ་ཚ་བསྐོལ་ནས་ཁོ་ལ་སྒུག་འདུག ཁོང་གཉིས་ཀྱིས་མཉམ་དུ་ནུབ་ཚ་བཏུང་ཚར་རྗེས། མལ་ས་ལས་འདོད་པའི་བདེ་བ་ལ་མྱོང་བར་རོལ་བ་ལས་དེ་རིང་བྱུང་བའི་དོན་དག་ཡེ་ནས་བརྗེད་སོང་པ་འདྲ། ཉིན་ལྟར་སྐྱ་རེངས་ཀྱི་འབྲོག་པའི་འཇོ་མ་ཚོ་མལ་ལས་ལོངས་སུ་བཅུག་ནས་འབྲི་རྒན་མ་དེ་ཚོ་འཇོ་བཞིན་འདུག་སྐབས། སྡེ་དཔོན་གྱི་དགའ་མས་རང་གི་ཉེ་འགྲམ་ནས་འབྲི་མོ་འཇོ་བཞིན་པའི་བུ་མོ་ཁ་ཤས་ཀྱིས་རྒྱུ་ལ་མི་དགའ་མཁན་མེད་ཀྱང་གནས་རི་བཙོང་མཁན་ཞིག་གནའ་ནས་ད་བར་དུ་བྱུང་མ་མྱོང་ཞེས་ཟུར་ཟའི་ཚིག་ཁ་ཤས་ཀྱང་ཐོས་སོང་།
ཞོགས་པའི་ཉི་གཞོན་སྔར་བཞིན་མཚོ་སྡེ་བའི་མཁའ་དབྱིངས་ནས་འཕྲོས་སོང་སྡེ་དཔོན་ཉིན་ལྟར་མལ་ལས་ལངས་ཏེ་གནས་མཆོག་སེང་གེ་ཁྱུང་འདྲ་ལ་གཟིགས་ཙམ་བྱས་རྗེས་གནམ་ས་འདྲེན་པའི་ལམ་དེ་ལའང་གཟིགས་ཙམ་བྱས་ཕལ་ཆེར་ཉེན་་རྟོག་རླངས་འཁོར་མཐོང་བའི་རེ་བ་ཡིས་གཟིགས་པར་ཡིན་ངེས་ཆེ། དེ་ནས་ཁྱིམ་དུ་འཛུལ་ནས་ནངས་ཇ་འཐུང་སྐབས་ཆུང་མས་སྡེ་བའི་ནང་གི་བུད་མེད་ཁ་ཤས་ཀྱིས་ཁྱོད་ལ་ཟུར་ཟའི་ཚིག་མདའ་འཕེན་བཞིན་འདུག་ཅེས་བཤད། སྡེ་དཔོན་གྱིས་སྐྱེས་པ་ཕོ་ཡི་བྱ་བ་ལ་བུད་མེད་ཚོས་ཁ་ཡ་བྱེད་མི་དགོས་ཁྱོས་ཁྱིམ་ལས་ཡག་པོ་གྱིས་དང་དེ་ཡིན། ཆུང་མ་ཅི་བཤད་མེད་པའི་གནས་སུ་ལྷུང་། ཞོགས་ཇ་འཐུང་ཚར་རྗེས་སྡེ་དཔོན་གྱིས་ད་དུང་འོ་ཇ་འཐུང་ནས་སྐྱིད་པོ་བསྡད་འདུག་པའི་སྐབས་སུ་ཕྱི་རོལ་ནས་ཁྱི་ཡི་ཟུག་སྐད་གྲགས་སོང་སྡེ་དཔོན་སྒོ་ལ་བུད་ནས་གཟིགས་པ་ན་ཉེན་རྟོག་རླངས་འཁོར་གཉིས་བྱ་འཕུར་བ་ལྟར་བློ་གྲོས་ལགས་ཀྱི་སྦྲ་སྒོར་རུ་བསྡད་ནས་བློ་གྲོས་ལ་ལག་ལྕགས་བརྒྱབ་ནས་ཁྲིད་སོང་པ་དང་ད་དུང་དེའི་མཉམ་དུ་བློ་མཁས་དང་མི་རྒན་ཁ་ཤས་བཅས་ལའང་བདེན་མེད་ཀྱི་ལག་ལྕགས་བརྒྱབ་ཅིང་སེམས་མེད་ཀྱི་རླངས་འཁོར་དུ་ཁྲིད་སོང་པ་མཐོང་རྗེས་སྡེ་དཔོན་ཀྱི་གདོང་ལ་གཡོ་སྒྱུའི་འཛུམ་ཞིག་ཤར་ནས་ཁྱིལ་དུ་འཛུལ། ཉེན་རྟོག་རླངས་འཁོར་སོང་ཤུལ་དུ་སྡེ་དཔོན་དཔའ་མེད་ལ་དཔའ་ཉམས་རྒྱས་ཤིང་མཁས་མེད་ལ་ཡོན་ཏན་ལྡན་པའི་ཚོར་སྣང་དང་བཅས་ཐེངས་གཉིས་པའི་འཚོགས་འདུ་བསྡུ་བའི་སྤོབས་པས་ཁེངས་ནས་སྔོན་གྱི་ཐང་ཆེན་དུ་མང་ཚོགས་ཚང་མ་བསྡུས་སོང་། སྡེ་དཔོན་གྱིས་ང་ཚོའི་འཚོ་བ་ཇེ་བཟང་དུ་འགྲོ་བའི་ཆེད་དུ་སེང་གེ་ཁྱུང་འདྲའི་གཏེར་ཁ་སྔོག་ནའང་མི་བཟང་རྒྱུ་ཅི་ཡོད། གལ་ཏེ་རི་འདི་འདི་ལྟར་སྲུང་ཡང་ང་ཚོས་ཟའང་མི་ལོ་མོད། ཞེས་ཁུངས་མེད་ལ་ཚན་རིག་དང་འགལ་བའི་ཚིག་ལོག་ཁ་ཤས་བཤད་པས་མང་ཚོགས་དག་ཡང་བསྐྱར་འུར་ཟེང་ངེར་གྱུར་སོང་། དེའི་སྐབས་སུ་མི་གཅིག་ཀྱང་ཡར་ལངས་ནས་སྐད་ཆ་བཤད་མཁན་མི་འདུག སྡེ་དཔོན་གྱི་སེམས་ནས་རྫོང་དཔོན་ལགས་ཀྱི་ཐབས་འདི་ངོ་མ་བཟང་པོ་འདུག་སེམས་ནས་མགོ་ལྕོག་ལྕོག་བྱེད་བཞིན་པའི་སྐབས་སུ་རྒན་པོ་རིག་གནས་ཅུང་ཙམ་ཡོད་ཟེར་པའི་རིག་ལྡན་ལགས་མི་ཚོགས་ཀྱི་དཀྱིལ་ནས་ཡར་ལངས་ཏེ། ད་སྐབས་རྒྱལ་ཁབ་སོ་སོའི་གཏེར་ཁ་ལ་ལྟ་ཚུལ་བློ་མཁས་ལགས་ཀྱིས་གསུང་པ་ནང་བཞིན་རེད། འོན་ཀྱང་ང་ཚོའི་སྡེ་བའི་ནང་དུ་འདི་ལྟ་བུའི་གནད་དོན་བྱུང་དོན་གཡོ་སྒྱུ་ཅན་དང་འཁྲེལ་མེད་ཀྱི་ཝ་མོ་བཅས་ཁྱི་སྤྱང་ངན་འབྲེལ་བྱས་པའི་དབང་གིས་ཡིན་རྒྱུ་ནི་ཐེ་ཚོམ་མི་འདུག དེ་བས་ང་ཚོའི་ཡབ་མེས་གོང་མ་ཚོས་ང་ཚོ་ལ་གནང་པའི་གནས་རི་རྩ་ཆེན་འདི་རང་སྲོག་ལ་ཐུག་ཀྱང་སྲུང་དགོས་ཞེས་སྐུལ་མ་བྱས། དེ་ནས་མང་ཚོགས་རྣམས་ཀྱང་འུར་ཟིང་ངེར་གྱུར་ནས་མི་ཁ་ཤས་ཀྱིས་ང་ཚོས་འཕྲིན་ཡིག་བྲིས་ཏེ་ཁུལ་གཙོ་དང་འབྲེལ་ཡོད་མི་སྣ་ལ་ཞུ་བ་བྱས་ན་བཟང་རྒྱུ་རེད་ཟེར། སྡེ་དཔོན་གྱི་ཐབས་ལམ་འདི་ནི་ཁུལ་དང་ཞིང་ཆེན་ཀྲང་དབྱང་གི་མགོ་ཁྲིད་ཚང་མ་བློ་འབབ་པ་རེད། དེ་བས་ཁྱེད་ཅག་གི་ངོ་རྒོལ་བྱས་པས་ཅི་ལ་ཕན། ཞེས་བཤད་ཀྱང་ཁ་ཡ་བྱེད་མཁན་ནི་མ་བྱུང་ངོ་།། མི་ཚོགས་ཚང་མ་ཟང་ཟིང་འུར་འུར་དང་བཅས་རང་རང་སར་ལོག་སོང་། སྡེ་དཔོན་ཀྱང་རང་ཁྱིམ་ལ་ལོག་སོང་ཁྱིམ་དུ་སླེབས་རྗེས་དྲོ་ཟས་ཅུང་ཙམ་ཟོས་ནས་འཕྲུལ་རྟ་ཞོན་ནས་རྫོང་ཐོག་ཏུ་སོང་། རྫོང་ཐོག་ཏུ་སླེབས་མ་ཐག་མཚོ་སྡེ་བའི་མང་ཚོགས་རྣམས་སྔར་ནས་སྤྱི་བདེ་ཅུའུ་་ཀྱི་སྒོ་ཁ་ནས་མི་གཏོང་ཤོག་ཟེར་ནས་འདུས་འདུག སྡེ་དཔོན་ལས་གནས་ལ་སོང་ནས་རྫོང་དཔོན་ཚང་ལ་གནས་ཚུལ་རྣམས་མ་ཆད་མ་ལུས་པར་ཞུས། རྫོང་དཔོན་གྱིས་བསམ་བློ་ཡུད་ཙམ་བཏང་རྗེས་ཁ་པར་བླངས་ནས་ཅུའུ་ཀྲང་ལ་ཁ་པར་བཏང་། གལ་ཏེ་མི་དམངས་འདི་ཚོ་ལ་འཇིགས་སྐུལ་བྱས་ནས་བཙན་གྱིས་མ་མནན་ན་ང་ཚོའི་བྱ་བ་བསམ་དོན་ཡིད་བཞིན་དུ་འགྲུབ་མི་ཐུབ་པས་མི་དམངས་དེ་དག་ལ་འཇིགས་སྐུལ་ཅུང་ཙམ་སློང་དང་ཞེས་བཤད་ནས་ཁ་པར་བཞག ཅུང་ཙམ་འགོར་རྗེས་སྤྱི་བདེ་ཅུའུ་ཞེས་ཡིག་འབྲུ་ཆེན་པོ་བྲིས་ཡོད་པའི་སྒོ་ཆེན་དེ་ནས་རིག་ལྡན་སོགས་ཀྱིས་ད་དུང་མི་གཏོང་ཤོག་ཟེར་ནས་འུར་སྒྲ་རྒྱག་གིན་འདུག སྐབས་དེར་ཅུའུ་ཀྲང་ཆེན་མོ་ཡིས་གསར་སྐྱེས་གཞོན་ནུ་ཡིན་པའི་ལས་སྒྲུབ་མི་སྣ་ཁ་ཤས་ཁྲིད་ནས་སྒོ་ཆེན་དེ་ལས་བུད་སོང་མི་ཚོགས་ཀྱི་ད་དུང་འུར་རྒྱག་བཞིན་འདུག ཅུའུ་ཀྲང་གིས་མཚོ་སྡེ་བའི་མང་ཚོགས་རྣམས་པ་འུ་རྒྱག་གིན་མ་འདུག ངས་ཁྱེད་ཅག་ལ་ཕན་པའི་ཚིག་ཁ་ཤས་བཤད། གནས་རི་སེང་གེ་ཁྱུང་འདྲ་ནི་ང་ཚོའི་སྔོན་བྱོན་མེས་པོ་ཡི་བླ་རི་ཡིན་པ་མ་ཚད་ང་ཚོའི་རྒྱབ་རིའང་རེད།འོན་ཀྱང་ད་ཐེངས་གནས་རི་ཡི་གཏེར་ཁ་འདོན་རྒྱུ་དེ་ཁྱེད་ཅག་གི་རྣ་ལམ་དུ་མི་འགྲོ་བ་སུས་ཀྱང་ཤེས་ངེས། རེད་དེ་གོང་རིམ་གྱིས་བཀའ་ལྟར་ང་ཚོས་མ་སྒྲུབ་ན་ཁྲིམས་ཆད་ཕོག་ངེས་རེད། ད་དུང་གནས་མཆོག་སེང་གེ་ཁྱུང་འདྲའི་གཏེར་ཁ་ཁ་ཤས་སྔོག་ནའང་མི་བཟང་རྒྱུ་མེད་མོད་ཚང་མས་ལོ་རེ་བཞིན་དབྱར་རྩྭ་དགུན་འབུ་རྐོ་བ་དང་ནོར་ནག་འཚོ་བ་བཅས་བྱས་ནས་གནས་རི་ཡི་རྩྭ་སྔོ་རྩྭི་གསུམ་ལ་གནོན་པ་ཆེན་པོ་བཟོས་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་རེད། དེའི་དབང་གིས་གནས་མཆོག་གི་གཏེར་ཁ་ཁ་ཤས་བཏོན་ནས་ལོ་ཁ་ཤས་ལ་ཕྱུགས་འཚོ་བ་དང་དབྱར་རྩྭ་རྐོ་བ་མ་བྱས་ན་གནས་མཆོག་ལ་འབྱུང་པའི་གནོན་ནི་ཕལ་ཆེར་གཅིག་མཚུངས་རེད་མོད། ད་དུང་དེ་ཡི་སྟེང་ལ་ཁེ་བཟང་ལ་ཁྱེད་ཅག་གིས་ལོ་ཁ་ཤས་ལ་ཕྱུགས་འཚོ་བ་དང་དབྱར་རྩྭ་རྐོ་བ་བཅས་ཀྱི་དཀའ་ལས་རྒྱག་མི་དགོས་པ་མ་ཡིན་ནམ་ཞེས་བདེན་ལྕོག་ལྕོག་གིས་ཁུངས་མེད་ལ་གུ་དོག་པའི་ཚིག་ཁ་ཤས་བཤད། འོན་ཀྱང་མི་ཚོགས་ཀྱིས་འུར་སྔ་ལྟར་མི་རྒྱག་པར་གྱུར་སོང་། མི་ཁ་ཤས་ཀྱིས་དེ་འདྲ་ཡོད་འདུག་ཅེས་ཟེར་ལ་མི་ཁ་ཤས་ཐེ་ཚོམ་ཀྱི་གནས་སུ་ལྷུང་དེའི་སྐབས་སུ་རིག་ལྡན་མི་ཚོགས་ཀྱི་གསེབ་ནས་ཡར་ལངས་ཏེ་མང་ཚོགས་རྣམས་པ་ང་ཚོས་ལོ་ཁ་ཤས་ལ་ལས་ཀ་བྱ་མི་དགོས་པའི་དབང་དུ་བྱས་ནའང་ཆོག འོན་ཀྱང་གནས་རི་སེང་གེ་ཁྱུང་འདྲའི་གཏེར་ཁ་ཉམས་སོང་ན་རང་བྱུང་གི་ཐོན་སྐྱེད་ཉམས་འགྲོ་བ་མ་ཟད་ཆུ་བོ་ཆེན་པོའང་སྐམ་འགྲོའང་སྲིད་པས་ལོ་ཁ་ཤས་འགོར་རྗེས་ང་ཚོས་ཅི་ཟ་ཅི་འཐུང་། ང་ཚོ་ལོ་ཁ་ཤས་ཀྱི་རྗེས་སུ་ཤི་འགྲོ་ནའང་སྲིད་མོད་འོན་ཏེ་ང་ཚོའི་བུ་རབས་ཚ་རྒྱུད་ཀྱིས་རྒྱབ་ལ་གོན་པ་དང་ཁ་ལ་ཟ་རྒྱུ་གང་གིས་བྱེད།
དེ་སྐབས་སུ་ཅུའུ་ཀྲང་ཁོང་ཁྲོ་མེ་ལྟར་འབར་བཞིན་རིག་ལྡན་ལགས་ཀྱི་སྟེང་དུ་རྒྱ་སྟག་མཆོང་བར་ལྟར་མཆོངས་ནས་རིག་ལྡན་ལ་འགྲམ་ལྕག་ཁ་ཤས་བཞུས་རྗེས་གསར་སྐྱེས་ཀྱི་གཞོན་ནུ་ལས་སྒྲུབ་པ་ཚོ་ལ་མི་འདིའི་རྒྱལ་ཁབ་ལ་ངོ་ལོག་དང་མི་རིགས་ཀྱི་མཐུན་སྒྲིལ་ལ་གཏོར་བཤིག་བྱེད་འདོད་འདུག་པས། བཙོན་ཁང་དུ་ཁྱེར་སོང་ཟེར་ནས་ཁྲིད་སོང་། མང་ཚོགས་རྣམས་ཁོང་ཁྲོ་མེ་ལྕེ་ལྟར་འབར་ཀྱང་བྱ་ཐབས་བྲལ། ཅུའུ་ཀྲང་གིས་མི་ཚོགས་ལ་གལ་ཏེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལམ་བུ་འགོག་མཁན་ཡོད་ན་ཁྲིམས་ཆད་ཕོག་ངེས་ཡིན་པས་ང་ཚོས་གོང་རིམ་གྱི་བཀའ་དང་ལེན་བྱས་ན་བཟང་ཅེས་བཤད། མི་ཚོགས་ནི་དངོས་གནས་གནས་ལུགས་ཡོད་ཀྱང་བཤད་ས་མེད་ལ་བདེན་དོན་ཡོད་ཀྱང་གསལ་ས་མེད་པར་སྐབས་སུ་དེ་ལྟར་ལུས་སོང་ངོ་། ཅུའུ་ཀྲང་ལས་སྒྲུབ་ཁང་དུ་འཛུལ་ནས་རྫོང་དཔོན་ལ་ཁ་པར་བཏང་ནས་ངས་ཁྱེད་ཀྱི་གསུང་པ་ནང་བཞིན་ཀླད་མེད་ཀྱི་མང་ཚོགས་འདི་དག་ལ་འཇིགས་སྐུལ་བ་སྤུ་གཟིངས་ཡོང་བ་ཞིག་བྱས་ཡོད་བཤད་རྗེས། རྫོང་དཔོན་དགའ་ཐག་ཆོད་ནས་ཅུའ་ཀྲང་ལ་ཡག་པོ་རེད་སོང་ད་ཁྱེད་ལས་ཀ་གྲོལ་རྗེས་ངའི་ལས་གནས་སུ་ཕེབས་ཤོག་འུ་ཅག་བུ་སྤུན་གསུམ་གྱིས་ཡིད་ཚིམ་པ་ཞིག་འཐུང་དགོས་ཟེར་ནས་ཁ་པར་བཞག་སོང་། ཉི་མའང་ནུབ་རིའི་རྩེ་ལ་དལ་གྱིས་ཕེབས་སོང་། མང་ཚོགས་རྣམས་ཀྱིས་ཀྱང་གྲོས་ཅི་ཞིག་བྱས་ཡོད་པ་མི་ཤེས་ཀྱང་ཁོང་ཚོས་རང་གི་བློ་གྲོས་དང་རིག་རྩལ་ལ་བསྟན་ནས་གནས་མཆོག་སེང་གེ་ཁྱུང་འདྲའི་གཏེར་ཁ་སྲུང་ངེས་ཡིན་པའི་ཚོར་སྣང་ཞིག་ངའི་རུས་རྐང་གི་ཟབ་སར་འཐིམས་སོང་། ད་ནི་ཉི་མའང་ནུབ་ལ་ཉེ་འདུག་པས་མང་ཚོགས་རྣམས་ཀྱང་རང་རང་གི་ཁྱིམ་དུ་ལོག་སོང་། རྫོང་དཔོན་དང་ཁོང་གསུམ་ཀྱང་རྫོང་ཐོག་གི་ཟ་ཁང་དང་མགྲོན་ཁང་མཉམ་གཅིག་ཏུ་ཡོད་སའི་ཁང་པ་ཞིག་གི་ནང་དུ་གདོང་ལ་འཛུམ་མདངས་རྒྱས་ནས་འཛོམས་སོང་ཁོང་གསུམ་པོས་བས་ཝེས་ལ་སོགས་པའི་ཆང་མིང་གྲགས་ཆེ་ཤོས་འགའ་ཅོག་ཙེ་རུ་བཀོད་སོང་ལ། ད་དུང་རྫོང་ནང་ནས་མིང་གྲགས་ཆེ་ཤོས་ཀྱི་སྨད་འཚོང་མ་གསུམ་གདན་འདྲེན་ཞུས་འདུག ཁོང་དྲུག་པོ་ཆང་རག་གི་ཡིད་ཚེམ་རྗེས་འདོད་པའི་ལོངས་སྤྱོད་ལ་བདེ་བ་རོལ་ཏུ་མགྲོན་ཁང་དུ་ཉལ་སོང་། དོ་ནུབ་སྨད་འཚོང་བཅོས་པའི་རུམ་ཁ་ནས་སྡེ་དཔོན་ལགས་ཀྱིས་ཁྱིམ་ནང་དུ་མཛེས་ཉམས་ཡོད་ལ་རང་ཉིད་ལ་ཤ་ཚ་ཞིང་ཡིད་ཆེས་ཆོག་ཅིང་རང་ལ་སྙིང་ལྟར་གཅེས་པའི་ཆུང་མས་སྒུག་ཡོད་པ་བརྗེད་སོང་ལ་གནས་མཆོག་སེང་གེ་ཁྱུང་འདྲའི་གཏེར་ཁའང་ཡུད་ཙམ་ལ་བརྗེད་སོང་། ཞོགས་པའི་ཉི་གཞོན་སྔ་ལྟར་ཤར་ཕྱོགས་རི་བོའི་སྤོ་ནས་འཕྲོས་སོང་མང་ཚོགས་རྣམས་ཀྱང་ཞོགས་པའི་ཉི་གཞོན་དང་འགྲོགས་ནས་སྤྱི་བདེ་ཅུའི་སྒོ་ཁ་ནས་འུར་རྒྱག་ཀྱིན་འདུག རྫོང་དཔོན་བཅས་ད་དུང་མགྲོན་ཁང་ལས་སྨད་འཚོང་བཅོས་མའི་རུམ་ཁ་ནས་གནས་མཆོག་གི་གཏེར་ཁ་དང་རླངས་འཁོར་རྫིགས་པོ་སྨད་འཚོང་བཅོས་མ་དུག་ཆང་མིང་གྲགས་ཅན་དེ་དག་རྨི་ནས་ཉལ་འདུག སྡེ་དཔོན་ཞོགས་པའི་ཉི་ཟེར་གདོང་ཐོག་ཏུ་ཕོག་རྐྱེན་རྨི་ལམ་ལས་སད་ཅིང་མལ་ལས་ལངས་ཏེ་རྫོང་དཔོན་ཚང་དང་ཅུའུ་ཀྲང་་གཉིས་གཉིད་ལས་བསླངས་ནས་རླངས་འཁོར་ལ་བསྡད་དེ་ཞོགས་ཟས་ཟ་རུ་སོང་། ལམ་ཁ་ནས་ངས་མདང་དགོང་འདྲ་མི་འདྲ་མཇའ་ཚོན་སྣ་བརྒྱད་བྱས་རབས་བཅས་ཟེར་ནས་ཞོགས་ཟས་ཁང་དུ་སླེབས་སོང་།ཁོང་གསུམ་གྱིས་ཞོགས་ཟས་ཞིམ་པོ་ཞིག་ཟོས་རྗེས་རྫོང་དཔོན་དང་སྡེ་དཔོན་གཉིས་རྫོང་དཔོན་གྱི་ལས་གནས་སུ་ལོག་སོང་ཅུའུ་ཀྲང་སྤྱི་བདེ་ཅུའུ་རུ་ལོག་སོང་ངོ། དྲོ་ཟས་རང་རང་ས་ནས་ཟོས་ཚར་རྗེས་རྫོང་དཔོན་དང་ཅུའུ་ཀྲང་གཉིས་ཕན་ཚུན་ཁ་པར་བཏང་ནས་གནས་མཆོག་སེང་གེ་ཁྱུང་འདྲའི་གཏེར་ཁ་སང་ཉིན་འདོན་རྒྱུ་བའི་གྲོས་མཐུན་བྱུང་། རྫོང་དཔོན་གྱིས་གཏེར་འདོན་མཁས་པ་ལ་ཁ་པར་བཏང་ནས་རྒྱ་སྐད་ཀྱི་ལམ་ནས 明天我们可以开始寻矿了,所以你准备好寻矿的工具ཅེས་ཟེར་ནས་ཁ་པར་བཞག རྫོང་དཔོན་དང་སྡེ་དཔོན་གཉིས་དགའ་ཐག་ཆོད་བཞིན་པའི་སྐབས་སུ་སུས་བཏང་ཡོང་མི་ཤེས་པའི་ཁ་པར་ཞིག་སླེབས་སོང་། རྫོང་དཔོན་གྱིས་ཁ་པར་ཉོན་རྗེས་ངོ་ལ་དངོས་ནས་སད་ཀྱིས་བཅོམ་པའི་མེ་ཏོག་གི་ངང་ཚུལ་ལས་མ་འདས་པའི་རྣམ་འགྱུར་ཞིག་ཤར་འདུག སྡེ་དཔོན་གྱིས་སྐད་གདངས་དམའ་མོས་སུ་རེད་ཅེས་དྲིས་པས་རྫོང་དཔོན་གྱིས་ད་ཚར་སོང་། སང་ཉིན་ང་དང་ཅུའུ་ཀྲང་ཁུལ་ཐོག་ཏུ་ཤོག་ཟེར་ཁྱོད་ཀྱང་དེ་རིང་ནས་བཟུང་སྡེ་དཔོན་གྱི་གོ་གནས་ལས་ཕབ་རྒྱུ་ཡིན་ཟེར་སོང་། ཁོང་གཉིས་རྣམ་ཤེས་བྲལ་བའི་བེམ་པོ་བཞིན་ལས་བསྒྲུབ་ཁང་གི་ཁང་པ་ཆུང་ཆུང་དེའི་ནང་དུ་ལུས་སོང་། ཅི་ཙམ་འགོར་སོང་བ་མི་ཤེས་ཀྱང་རྫོང་དཔོན་གྱི་དྲུང་ཡིག་གིས་སྒོ་རྡུང་ནས་ཉི་མ་ནུབ་ལ་ཉེ་སོང་རྫོང་དཔོན་ཆེན་མོ་ལགས། ལས་ཀ་གྲོལ་སོང་ཞེས་ཞུས་སོང་། སྡེ་དཔོན་གྱིས་ད་ང་ཡུལ་དུ་འགྲོ་བ་ཡིན་ཟེར་བཞིན་སྨག་རུམ་གྱིས་བཏུམས་པའི་ཁང་པ་དེ་ལས་བུད་ནས་ཡུལ་ལ་ལོགས་སོང་།
ཁྱིམ་དུ་སླེབས་རྗེས་ཆུང་མས་སྔ་བཞིན་ནུབ་ཇ་བསྐོལ་ནས་ཁོ་ལ་སྒུག་ཡོད་ཀྱང་ཁོ་ལ་ནུབ་ཚ་འཐུང་བའི་སེམས་པ་ཞིག་ག་ལ་ཡོད་རྣམ་ཤེས་བྲལ་བའི་བེམ་པོ་བཞིན་མལ་ས་ལ་ཉལ་སོང་། ཟླ་བས་སྔ་ནས་དྲང་བདེན་གྱི་རྒྱལ་ཁ་ཐོབ་པ་དགའ་བསུ་བྱེད་པའི་ཆེད་དུ་འོད་ཟེར་ཀྱི་ཁ་བཏགས་ལག་ནང་དུ་བཟུང་ནས་མཐོན་མཐིང་ནམ་མཁའི་དབྱིངས་སུ་འཚེར་ཟིན། བློ་གྲོས་སོགས་ཀྱི་དབུ་ཁྲིད་པའི་དྲང་བདེན་གྱི་དམག་དཔུང་གིས་ཀྱང་རང་ཉིད་རྒྱལ་ཁ་ཐོབ་པ་ལ་རྟེན་འབྲེལ་བྱེད་པའི་ཆེད་དུ་མཛེས་པའི་རྩྭ་ཐང་དུ་གླུ་གར་གྱི་དགོང་ཚོགས་ཆུང་ཆུང་ཞིག་བཤམས་འདུག དོ་ནུབ་ཀྱི་གནས་མཆོག་སེང་གེ་ཁྱུང་འདྲ་ནི་ཅི་འདྲའི་བརྗིད་ཉམས་ཆེ་ལ་ཅི་འདྲའི་དྭངས་ཤིང་གསལ་བ་ལ་ཨང་། རྩྭ་ཐང་དུ་དགོད་སྒྲས་ཁེངས་ཀྱང་སྡེ་དཔོན་ཚང་གཅིག་པུ་སྨག་རུམ་གྱི་ཁྲོད་དུ་ཡལ་སོང་། ཉིན་ཁ་ཤས་འདས་རྗེས་རྫོང་ནང་དུའང་རྫོང་དཔོན་གསར་པ་ཞིག་དང་ཅུའུ་ཀྲང་གསར་པ་ཞིག་མངགས་འདུག་ཅེས་མཚོ་སྡེ་བའི་ནང་དུ་འ་འུར་ཟིང་ཟིང་ངང་ཁྱབ་སོང་ངོ་།། དེ་ནས་བློས་གྲོས་དང་བློ་མཁས་བཅས་རྫོང་ནང་དུ་གདན་འདྲེན་ཞུ་ཡིག་ཅིག་ཀྱང་འབྱོར་ནས་བློ་གྲོས་སོགས་རྫོང་ནང་དུ་སོང་ནས་ཆེད་དུ་ཁོང་ཚོ་ལ། མཛད་སྒོ་ཞིག་ཀྱང་སྤེལ་ནས་གཏེར་སྲུང་དཔའ་བོའི་བྱ་དགའ་དང་རྟགས་མ་ཐོབ། སྡེ་དཔོན་ཉིན་ལྟར་མལ་ས་ལ་ཉལ་ནས་ཡར་ལངས་མ་སོང་ལ་སྡེ་དཔོན་གྱི་ཆུང་མ་ལའང་ཅི་ཡིན་མིན་པའི་ནད་ལྕི་མོ་ཞིག་ཕོག་འདུག་ཟེར་ནས་སྡེ་བའི་ནང་གི་མི་སེམས་བཟང་ཅན་ཁ་ཤས་ཀྱིས་རྫོང་སྨན་ཁང་དུ་བསུས། གནས་ཚུལ་འདི་ལྟར་བའི་འོག་ནས་སྡེ་དཔོན་གྱི་དོ་སྣང་དང་སེམས་ཁུར་བྱ་ས་ནི་ནད་ལྕི་མོ་ཕོག་པའི་ཆུང་མ་དེ་ཡིན་འོས་ཀྱང་། ་་ཁོ་རང་སྨད་འཚོང་བཅོས་མའི་མཐུ་ནུས་ཀྱི་ཡིན་ནམ་དུག་ཆང་མངར་མོའི་དུག་ནུས་ཀྱི་ཡིན། ཡང་ན་གནས་མཆོག་སེང་གེ་ཁྱུང་འདྲའི་དྲག་པོ་ངོམས་པ་ཡིན་མི་གསལ་ཡང་ཁོ་རང་ཉིན་ལྟར་མལ་སར་ལྷུང་ནས་ཡར་རྩ་བར་ནས་ལངས་མ་སོང་།
展开阅读全文